
ཐེ་ལན་སྨྱན་སྦྱོར་གྱིས་ཚེས7ཉིན་བསྒྲགས་པ་ལྟར་ན། ཐེ་ལན་རྒྱལ་ཁབ་ཀྱི་ནོན་ཝུའུ་ལེ་ཞིང་ཆེན་གྱི་སློབ་འབྲིང་ཞིག་ཏུ་ཉིན་དེའི་སྔ་དྲོར་སློབ་གླིང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས། མེ་མདས་རྒྱག་མཁན་ནང་དུ་འདུས་པའི་མི7རྐྱེན་ལམ་དུ་ཤོར་ཞིང་། མི15ལ་རྨས་ཕོག དེའི་ཁྲོད་མི2ལ་རྨས་ལྗི་མོ་ཕོག་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཐོག་མའི་བརྟག་དཔྱད་བྱས་པ་ལྟར་ན། མེ་མདས་རྒྱག་མཁན་ནི་སློབ་འབྲིང་སློབ་མ་ཞིག་རེད།
ཐེ་ལན་སྨྱན་སྦྱོར་གྱིས་སློབ་གྲྭ་དེའི་སློབ་མ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། མེ་མདས་རྒྱག་མཁན་གྱིས་ཉིན་དེར་ལུས་རྩལ་ལྭ་བ་སྨུག་པོ་ཞིག་གྱོན་ནས་སློབ་གྲྭ་རུ་མེ་མདས་ཐེངས་བཅུ་ཕྲག་བརྒྱབ། སྨྱན་སྦྱོར་གྱིས་བསྒྲགས་པའི་ཡུལ་དངོས་བརྙན་རིས་ལྟར་ན། སློབ་གླིང་ནང་དུ་མེ་མདས་བརྒྱབ་པའི་སྒྲ་བསྟུད་མར་གྲགས་ཡོང་བ་རེད། དོན་རྐྱེན་བྱུང་རྗེས། ཉེན་རྟོག་ཕྱོགས་ཀྱིས་དེ་མ་ཐག་མི་ཚོགས་བདེ་འཇགས་ཀྱི་གནས་སུ་ཁྲིད་པ་དང་། ཐེ་ལན་སྨྱན་སྦྱོར་གྱིས་ནོན་ཝུའུ་ལེ་ཞིང་ཆེན་གྱི་གནོད་འགོག་གནོད་འཕྲི་གཞུང་ལས་ཁང་གི་གནས་ཚུལ་དྲངས་ནས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་མཁན་ཁྲོད་དགེ་རྒན3དང་སློབ་མ3 འདུས་ཡོད་ཟེར།
གསར་འགོད་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཐོག་མའི་བརྟག་དཔྱད་བྱས་པ་ལྟར་ན། མེ་མདས་རྒྱག་མཁན་ནི་སློབ་འབྲིང་སློབ་མ་ཞིག་ཡིན་ཏེ། དེའི་རྗེས་རང་སྲོག་བཅད་པ་རེད། ཁྲིམས་བསྟར་མི་སྣས་ཡུལ་དངོས་སུ་མེ་མདའ་ཞིག་རྙེད་པ་མ་ཟད། མེ་མདས་རྒྱག་མཁན་གྱི་ཁུག་མའི་ནང་དུ་མདེའུ་མང་པོ་རྙེད།
ཐེ་ལན་གོང་མ་ཚང་གི་ཉེན་རྟོག་སྤྱི་ཁྱབ་ཧྲུའུ་ཡིས་ཉིན་དེར་སྨྱན་སྦྱོར་ལ་བཤད་རྒྱུར། མེ་མདས་རྒྱག་མཁན་གྱིས་ནག་ཉེས་བཟོ་བྱེད་ཀྱི་མེ་མདའ་ནི་ཁོའི་སྤོ་བོའི་ཁྲིམས་མཐུན་མེ་མདའ་རེད། ཁོ་སློབ་གྲྭ་རུ་ནག་ཉེས་བཟོ་རུ་འགྲོ་ཁར། ཁྱིམ་ནས་ཁོའི་སྤོ་བོ་དང་རྨོ་མོར་མེ་མདས་བརྒྱབ་ནས་བསད།
སློབ་གླིང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ནོ་ཐིན་གྱིས་སློབ་གླིང་གི་མེ་མདས་བརྒྱབ་པའི་དོན་རྐྱེན་ཐད་ནས་ཧ་ཅང་སྐྱོ་གདུང་ཆེན་པོ་སྐྱེས་ཟེར། ཨ་ནོ་ཐིན་གྱིས་ད་ལོའི་ཟླ2པར་བཀའ་རྒྱར་མིང་རྟགས་བཀོད་དེ། མེ་མདའ་འཛིན་པའི་ཆོག་མཆན་ཡི་གེ་གནས་སྐབས་སུ་ལོ་གཅིག་གི་རིང་སྟེར་མཚམས་བཞག་ཡོད་པ་རེད།