གནས་སྤོར་ཡུལ་མིའི་འགལ་ཟླ་ཆེ་རུ་ཕྱིན་ཏེ། སི་ཕེན་གྱིས་དབྱི་ཐ་ལིར་དམིགས་པའི་འགོག་རྒོལ་བྱེད་ཐབས་བཏོན།
ཁུངས། ཀློག་གྲངས།

དབྱི་ཐ་ལི་ཡིས་ཞིའུ་ཏ་ཡི་ལྐོག་བརྒལ་ཚ་རླབས་ཀྱི་ཉམས་ཉེན་རྐྱེན་བྱས་ཏེ།  སི་ཕེན་ལ་དམིགས་ནས་སྤེལ་བའི་མཐའ་མཚམས་འགོག་སྡོམ་བྱེད་ཐབས་མེད་པར་བཟོ་བ་ཁས་མ་བླངས་པའི་རྐྱེན་གྱིས། སི་ཕེན་སྲིད་གཞུང་གིས་དབྱི་ཐ་ལི་ནས་ཡོང་བའི་ཡུལ་སྐོར་བར་རྒྱལ་ཁོངས་ནང་ལ་ཡོང་བའི་ཞིབ་བཤེར་བྱེད་རྒྱུ་ཡིན་པ་བསྒྲགས།

སི་ཕེན་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟིས་སི་ཕེན་སྲིད་གཞུང་གིས་བསྒྲགས་པའི་སྲིད་བཀའ་གསར་འགྱུར་ཞིག་དྲངས་ནས་བཤད་རྒྱུར། ཚེས8ཉིན་གྱི་ནམ་གུང་ནས་བཟུང་། སི་ཕེན་གྱིས་གྲུ་ཁ་དང་གནམ་གྲུ་ཐང་དུ་དབྱི་ཐ་ལི་ནས་རྒྱལ་ཁོངས་ནང་ལ་ཡོང་བའི་ཡུལ་སྐོར་བར་སྐབས་བསྟུན་ཞིབ་བཤེར་བྱེད་རྒྱུ་ཡིན། བྱེད་ཐབས་འདི་གནས་སྐབས་སུ་ཟླ9པའི་ཚེས7ཉིན་བར་ལག་ཏུ་བསྟར་རྒྱུ་ཡིན།

སི་ཕེན་ཕྱོགས་ཀྱིས་བཤད་པའི་རྒྱུ་མཚན་ནི། དབྱི་ཐ་ལི་རུ་ཁྲིམས་འགལ་གནས་སྤོར་ཡུལ་མི་བསྟུད་མར་ཡོང་བའི་གནོན་ཤུགས་ཆེན་པོར་འཕྲད་ཡོད། སི་ཕེན་ཁྲིམས་བསྟར་མི་སྣས་དབྱི་ཐ་ལི་ནས་ཡོང་བའི་ཡུལ་སྐོར་བར་ཞིབ་བཤེར་བྱེད་དུས། ཡུལ་སྐོར་བའི་ཐོབ་ཐང་དང་རྒྱལ་ཁོངས་ཆ་འཕྲིན་ལ་ཞིབ་བཤེར་བྱེད་རྒྱུ་ཡིན། རྒྱལ་ཁབ་གསུམ་པའི་སྤྱི་དམངས་ལ་དམིགས་ཏེ། དེའི་ཐོངས་མཆན་དང་ཡང་ན་འཚོ་སྡོད་ཆོག་ཡིག་ལ་ཞིབ་བཤེར་བྱེད་རྒྱུ་ཡིན། ཟླ7པའི་མཇུག་ཏུ། སི་ཕེན་གྱི་མཐའ་མཚམས་སྲིད་ཇུས་ལ་འབྲེལ་བ་ཡོད་པའི་ནོར་འཁྲུལ་ཆ་འཕྲིན་ཞིག་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྒྱ་ཁྱབ་སྒྲོག་སྤེལ་བྱས་ཏེ། གནས་སྤོར་ཡུལ་མི་འབོར་ཆེན་མོ་རོ་ཁོ་ནས་ལྐོག་བརྒལ་གྱིས་སི་ཕེན་གྱི་ཧྥེ་གླིང་བྱང་མ་རུ་ཡོད་པའི་ཞིའུ་ཏ་ལ་ཐོན་པ་དང་། དུས་ཡུན་ཐུང་ངུ་ཉིན་འགའ་ཡི་རིང་། གནས་སྤོར་ཡུལ་མི་བདུན་ཁྲི་ཉིས་སྟོང་ཙམ་ཞིའུ་ཏ་རུ་ཐོན་ཞིང་། དེའི་ཁྲོད་གནས་སྤོར་ཡུལ་མི་ཁྲི7ཙམ་ཕྱིར་ལོག་ཏུ་བཅུག ལྐོག་བརྒལ་ཚ་རླབས་ལ་གདོང་གཏད་དེ། ཡོ་རོབ་མནའ་འབྲེལ་གྱི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཁྲིམས་འགལ་གནས་སྤོར་ཡུལ་མི་སི་ཕེན་ནས་མུ་མཐུད་དུ་རྒྱ་བསྐྱེད་དེ་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་དག་ལ་ཐོན་པར་དོ་ཁུར་དང་དོགས་ཟོན། སེམས་ཁྲལ་བཅས་བྱེད་ཀྱིན་ཡོད་ཟེར། དེའི་ཁྲོད། དབྱི་ཐ་ལི་ཡིས་སི་ཕེན་བར་གྱི་ཧྲིན་ཀིན་རང་མོས་བགྲོད་ཆོག་པའི་རྐྱེན་སྲོལ་མཚམས་འཇོག་པ་དང་། མཐའ་མཚམས་ཀྱི་ཞིབ་བཤེར་སླར་གསོ་བྱེད་རྒྱུ་ཡིན་པ་བསྒྲགས།

སི་ཕེན་གྱིས་དབྱི་ཐ་ལིས་མཐའ་མཚམས་འགོག་སྡོམ་མེད་པར་བཟོ་རྒྱུའི་བླང་བྱ་བཏོན་པ་དང་། དེ་མིན་ཚེ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། དབྱི་ཐ་ལི་ཕྱོགས་ཀྱིས་དང་ལེན་མ་བྱས་ཤིང་། མཐའ་མཚམས་འགོག་སྡོམ་ཉུང་མཐར་ཡང་ཟླ8པའི་ཚེས15ཉིན་བར་རྒྱུན་བསྲིང་རྩིས་ཡོད་ཟེར། སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཨ་འར་ཝ་ལེ་སི་ཡིས་དབྱི་ཐ་ལིར་སྐྱོན་བརྗོད་བྱས་ཏེ། དེའི་བྱེད་ཐབས་ནི་ཡོ་རོབ་མཐུན་སྒྲིལ་ལ་དམིགས་པའི་གཏོར་བརླག་ཆེན་པོ་རེད་ཟེར།