ཨ་རིའི་ནུབ་རྒྱུད་དུ་རི་མེ་དྲག་ཏུ་མཆེད་དེ་ཐད་འཕུར་གནམ་གྲུ་ཞིག་སར་ལྷུང་།
ཁུངས། ཀློག་གྲངས།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་ཀྱིས་ཚེས7ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཐད་འཕུར་གནམ་གྲུ་ཆེ་གྲས་ཤིག་གིས་ཉིན་དེར་ཡིའུ་ཐ་མངའ་སྡེ་རུ་མེ་གསོད་དུས་སར་ལྷུང་བ་དང་། གནམ་གྲུའི་ནང་གི་མི་གཉིས་ཀྱི་ཤི་གསོན་ད་རུང་གསལ་བོ་ཤེས་མེད། དེ་ལས་གཞན། ཨུ་ལི་ཀང་མངའ་སྡེ་རུ་ས་འདེད་འཕྲུལ་འཁོར་སྐོར་མཁན་ཞིག་མེ་ལྕེ་ཁྲོད་རྐྱེན་ལམ་དུ་ཤོར།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་ཀྱིས་བཤད་རྒྱུར། ཞི་ཁི་སི་ཅི S-64རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་ཞིག་ཉིན་དེར་ཚ་མཚོའི་གྲོང་གི་ལྷོ་རྒྱུད་སྤྱི་ལེ260མཚམས་ཀྱི་ལེ་ཆི་ཧྥེ་འར་ཏི་ཉེ་འགྲམ་དུ་སར་ལྷུང་བ་རེད། གནམ་གྲུའི་ནང་གི་མི་གཉིས་སྲོག་ཉེན་ལས་ཐར་ཡོད་མེད་གསལ་བོ་ཤེས་མེད།

ཐད་འཕུར་གནམ་གྲུ་འདིས་སྐབས་དེར་གཡང་གཟར་གྱི་རི་ཁུལ་དུ་ལས་ཀ་སྒྲུབ་ཀྱིན་ཡོད་མོད། སར་ལྷུང་བ་དེས་མེ་སྐྱོན་གསར་པ་བཟོས། ཐད་འཕུར་གནམ་གྲུ་རྟགས་ཅན་འདིས་མེ་ལྕེ་ར་བར་ཆུ་གཏོར་བ་དང་མེ་གསོད་རྫས་གཏོར་ཐུབ་ཅིང་། ཚོང་ལས་ལས་ཁུངས་དང་སྲིད་གཞུང་སྡེ་ཁག་གིས་མེ་གསོད་སོགས་ཀྱི་ལས་འགན་སྒྲུབ་པར་རྒྱ་ཁྱབ་ངང་སྤྱོད་ཀྱིན་ཡོད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་ལྟར་ན། མེ་ལྕེ་དྲག་ཏུ་འབར་བས། རོགས་སྐྱོབ་མི་སྣ་ཚེས7ཉིན་གྱི་དགོང་མོར་ད་རུང་གནམ་གྲུ་སར་ལྷུང་བའི་ཡུལ་དངོས་སུ་ཐོན་མ་ཐུབ། དོན་རྐྱེན་བྱུང་རྗེས་མེ་གསོད་ལས་ཀ་སྐབས་ཤིག་གི་རིང་མཚམས་བཞག ཨ་རིའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་ཀྱིས་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་ཀྱིན་ཡོད།

འདི་ནི་ཟླ7པའི་ཚེས27ཉིན་ཐོག་གིས་བརྒྱབ་ནས་རི་མེ་ཤོར་བ་དང་། ཟླ8པའི་ཚེས7ཉིན་གྱི་སྔ་དྲོའི་བར་སྤྱི་ལེ་གྲུ་བཞི427ལ་མེ་ལྕེ་མཆེད་པ་རེད། མེ་གསོད་མི་སྣ600ལྷག་མེ་དགྲ་གསོད་པའི་ལས་ཀར་ཞུགས་ནས། མིག་སྔར་མེ་ལྕེ་མཆེད་ཤུགས19%ཚོད་འཛིན་བྱས་ཡོད།

ཨུ་ལི་ཀང་མངའ་སྡེ་ཡི་དབུས་ལྷོ་རྒྱུད་ཀྱི་ཆི་ལོ་ཁོན་གྲོང་རྡལ་གྱི་ཤར་རྒྱུད་དུ་རི་མེ་ཤོར་བ་དེས་མི་གཅིག་རྐྱེན་ལམ་དུ་ཤོར། ས་དེའི་རྫོང་གི་བདེ་སྲུང་དཔོན་གཞུང་ལས་ཁང་གིས་བཤད་རྒྱུར། ལོ47ལ་བུད་པའི་ཤིང་ཆ་ཀུང་ཟིའི་ལས་བཟོ་བ་ཅ་སིན་.ཨུན་སའེ་ཡིས་ཚེས6ཉིན་ས་འདེད་འཕྲུལ་འཁོར་ཞིག་སྐོར་དུས་རི་མེ་མགྱོགས་མྱུར་ངང་མཆེད་ཡོང་བས་སྲོག་ཉེན་ལས་ཐར་མ་ཐུབ། ཨ་རིའི་ནགས་ལས་ཅུས་ཀྱི་གནས་ཚུལ་ལྟར་ན། རི་མེ་འདི་ཚེས5ཉིན་འབར་འགོ་བརྩམས་ཏེ། ཚེས7ཉིན་བར་རི་མེ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི36ལ་ཉེ་བ་དང་། ད་རུང་ཚོད་འཛིན་ཤོར་ཡོད།

ཟླ་འགའི་རིང་བསྟུད་མར་ཐན་པ་ཆེ་བའི་གནམ་གཤིས་དང་རླུང་ཆེན་གཡུག་པ། ཚ་རླབས་འཕྱུར་བ་བཅས་ཀྱི་ཤུགས་རྐྱེན་ཐེབས་ཏེ། ཡིའུ་ཐ་མངའ་སྡེ་དང་ཨ་རིའི་ནུབ་རྒྱུད་ཀྱི་ས་ཆ་མང་པོར་རི་མེ་ཤོར་ཐེངས་མང་དུ་བྱུང་བ་རེད། ད་ལོའི་ཟླ6པར། ཁི་ལོ་ལ་ཏོ་མངའ་སྡེ་ཡི་རི་མེ་ཤོར་ཐེངས་ཤིག་ལས་མེ་གསོད་མི་སྣ4རྐྱེན་ལམ་དུ་ཤོར་ཞིང་། མི1ལ་རྨས་ཕོག་པ་རེད།