ཨ་རིའི་གྲོས་ཁང་གོང་མས་ཨུ་རུ་སར་བཀག་སྡོམ་བྱེད་པའི་ཁྲིམས་གཞི་གསར་པར་གྲོས་འཆམ་བྱུང་།
ཁུངས། ཀློག་གྲངས།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས་ཚེས7ཉིན་རྒྱབ་སྐྱོར་འདེམས་ཤོག86དང་ངོ་རྒོལ་འདེམས་ཤོག11གིས་བརྡས་ཐག་བཅད་པའི་མཇུག་འབྲས་ལྟར། ཨུ་རུ་སུར་བཀག་སྡོམ་བྱེད་པའི་ཁྲིམས་གཞི་གསར་པ་ཞིག་ལ་གྲོས་འཆམ་བྱུང་།

ཁྲིམས་གཞི་འདི་ལ་ཚེ་ལས་འདས་པའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གོང་མའི་གྲོས་མི་ལིན་སའེ་.ཀི་ལེ་ཨུ་མུའུ་ཡི་མིང་བཏགས་ཡོད་ལ། འདིའི་ཁ་གཏད་ཡུལ་ནི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་། འབྲེལ་ཡོད་དངུལ་རྩའི་ལས་ཁུངས། ཨུ་རུ་སུའི་སྲིད་གཞུང་གིས་ཚོད་འཛིན་བྱས་པའི་ཁེ་ལས་གཞན་པ་སོགས་འདུ་ཡོད། འདིའི་བཀག་སྡོམ་ལས་དོན་ནང་དུ་ཨུ་རུ་སུར་འབྲེལ་བ་ཡོད་པའི་མ་དངུལ་བརྒྱུད་སྤོར་དང་། ཨུ་རུ་སུའི་ཁེ་ལས་ཨ་རིའི་ཚོང་རར་ཞུགས་པའམ་ཉོ་ཚོང་བྱེད་པ། ཨ་རིའི་མི་སྒེར་རམ་ཡང་ན་ཁེ་ལས་ཀྱིས་ཨུ་རུ་སུར་མ་དངུལ་གཏོང་བའམ་ཡང་ན་ཨུ་རུ་སུའི་བདག་དབང་བུ་ལོན་ཉོ་བ། ཨུ་རུ་སུའི་ནུས་ཁུངས་ལས་རིགས་ལ་ཕྱིར་གཏོང་ངམ་ཡང་ན་དངུལ་གཏོང་། དེ་བཞིན་ཨུ་རུ་སུའི་ཡུ་ནང་འདྲེན་བྱེད་པ་སོགས་འདུ།

མཉམ་འཇོག་བྱེད་རིན་ཡོད་པ་ཞིག་ནི། ཁྲིམས་གཞི་འདིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཨུ་རུ་སུར་ནང་འདྲེན་བྱས་པའི་ཚོང་རྫས་ལ་ཆེས་མཐོའི་གོང་བསྟུན་དཔྱ་ཁྲལ500%བསྡུ་རྒྱུ་དང་། ཨུ་རུ་སུའི་མ་བཅོས་རྡོ་སྣུམ་དང་ཡང་ན་རང་བྱུང་སོལ་རླངས་ནང་འདྲེན་ཕྱོགས་ཀྱི་མདུན་གྲལ་ཆེན་པོ་ལྔ་ཡི་ཨ་རིར་འདྲེན་པའི་ཚོང་རྫས་ལ་ཆེས་མཐོའི་གོང་བསྟུན་དཔྱ་ཁྲལ100%བསྡུ་རྒྱུར་དབང་སྐུར་ཡོད།

ཁྲིམས་གཞི་འདི་ད་རུང་དམིགས་བསལ་དོན་ཚན་ལ་ཁྱབ་ཡོད་དེ། ཨ་རིའི་སྲིད་འཛིན་ལ་ཆ་རྐྱེན་ཡོད་པའི་སྒོ་ནས་བཀག་སྡོམ་གློད་ཆོག་པའི་དབང་སྐུར་ཡོད།

དེ་ལས་གཞན། ཁྲིམས་གཞི་འདིས་དུས་མཉམ་དུ་དབྱི་ལང་ལ་བཀག་སྡོམ་བྱེད་ཡུན་ཡང་ཇེ་རིང་དུ་བཏང་།

ཡིན་ནའང་། ཁྲིམས་གཞི་འདིར་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མས་གྲོས་འཆམ་བྱུང་ནས་སྲིད་འཛིན་གྱིས་མིང་རྟགས་བཀོད་རྗེས་ད་གཟོད་ནུས་པ་ཐོན་སྲིད་པས། མཐར་མཇུག་དོན་འཁྱོལ་བྱེད་ཐུབ་མིན་ད་རུང་ངེས་གཏན་གསལ་བོ་མིན།