སོ་ཏི་ཨ་རབ་དང་ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་ཐུན་མོང་གི་འགོག་སྲུང་ལས་དོན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།
ཁུངས། ཀློག་གྲངས།

སོ་ཏི་ཨ་རབ་དང་། ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཚེས7ཉིན་སོ་ཏི་ཨ་རབ་ཀྱི་མའེ་ཅ་རུ《མའེ་ཅ་ཡི་ཐུན་མོང་གི་འགོག་སྲུང་ལས་དོན་གྱི་གྲོས་མཐུན》ལ་མིང་རྟགས་བཀོད། གྲོས་མཐུན་ལས། གོང་གསལ་རྒྱལ་ཁབ་གསུམ་པོའི་ཁྲོད་ཀྱི་རྒྱལ་ཁབ་གང་རུང་ཞིག་ལ་དྲག་ཆས་ཚུར་རྒོལ་བྱས་ཚེ། དེ་རྒྱལ་ཁབ་གསུམ་པོར་ཚུར་རྒོལ་བྱས་པར་བརྩི་རྒྱུ་ཡིན་པར་གཏན་འབེབས་བྱས་ཡོད་པ་དང་། གྲོས་མཐུན་ལས་ད་དུང་རྒྱལ་ཁབ་གསུམ་གྱིས་ཁྱབ་ཁོངས་སོ་སོའི་འགོག་སྲུང་ལས་དོན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་རྒྱུ་རེད། དབྱེ་ཞིབ་མི་སྣས་བསྟན་དོན། ཉེ་ཆར་དབུས་ཤར་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་གིས་ས་ཁུལ་དང་རྒྱལ་ཁབ་སོ་སོས་བདེ་འཇགས་ལས་དོན་ཐད་མཉམ་ལས་བྱེད་སྟངས་གསར་པ་འཚོལ་བར་སྐུལ་འདེད་བཏང་ཡོད།

ཐུར་ཁེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཡིན། གླེང་ཕྱོགས་ལས་བལྟས་ན། ཐུར་ཁེ་ཡིས་གྲོས་མཐུན་དེར་མིང་རྟགས་བཀོད་པ་དེ་བྱང་ཆིངས་རྩ་འཛུགས་ཀྱི་དོན་ཚན་ལྔ་པ་སྟེ་ཐུན་མོང་འགོག་སྲུང་གི་དོན་ཚན་ལས་འགལ་བར་མ་ཟད། མཉམ་གཤིབ་མནའ་འབྲེལ་གྱི་སྒྲིག་གཞི་ཞིག་བཙུགས་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད། དེའི་ཐད་ཐུར་ཁེའི་འཕྲིན་གཏོང་ཅུས་ཀྱིས་ཚེས7ཉིན་བསྟན་དོན། 《མའེ་ཅ་ཡི་ཐུན་མོང་གི་འགོག་སྲུང་ལས་དོན་གྱི་གྲོས་མཐུན》དང་བྱང་ཆིངས་ཀྱི་དོན་ཚན་ལྔ་པ་སྟེ་ཐུན་མོང་འགོག་སྲུང་གི་དོན་ཚན་གཉིས་འགལ་ཆར་གྱུར་མེད་ཟེར།