
པ་ཞི་སྲིད་འཛིན་གྱི་དབུ་བཞུགས་དམིགས་བསལ་བློ་འདོན་པ་ཨ་མོ་ལིན་གྱིས་ཚེས12ཉིན་ཨ་རིའི་སྲིད་གཞུང་གིས་ལ་ཏིང་མེ་གླིང་དུ“གཙོ་ཁྲིད་ཀྱི་གོ་གནས”ཡོད་ཅེས་པའི་བརྙན་ཐུང་ཁྱབ་བསྒྲགས་བྱས་པར་སྐྱོན་བརྗོད་བྱས་པ་དང་། ཉེ་དུས་ཨ་རིའི་བྱ་སྤྱོད་སྣ་ཚོགས་ཐོག་ནས་པ་ཞི་ཚུད་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་བདག་དབང་ལ་ཐེ་ཇུས་བྱེད་རྩིས་ཡོད་པ་གསལ་སྟོན་བྱས།
ཨ་མོ་ལིན་གྱིས་ཉིན་དེར་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་གྲོས་ཚོགས་ཤིག་གི་ཐོག་བསྟན་དོན། ཨ་རིས་ལ་ཏིང་མེ་གླིང་ལ་རང་གི་ཁེ་ཕན་ལ་བརྩི་སྲུང་བྱེད་དུ་འཇུག་རྩིས་ཡོད་པ་དང་། “བརྙན་ཐུང་དེར་བལྟས་མྱོང་བའི་མི་སུ་ཞིག་ཡིན་རུང་། ཚང་མས་ཁོ་ཚོས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གི་བདག་དབང་ཉམས་དམས་སུ་གཏོང་རྩིས་ཡོད་པ་དང་། པ་ཞི་ཡང་ཚུད་ཡོད་པ་སྨོས་མ་དགོས།”
ཨ་མོ་ལིན་གྱིས་བསྟན་དོན། ཉེ་ཆར་ཨ་རིས་པ་ཞི་ལ་སྒོ་ཁྲལ་སྣོན་བསྡུ་ཆེན་པོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པར་ཆབ་སྲིད་ཀྱི་ཀུན་སློང་ལྡན། ཁོས་པ་ཞིའི་སྲིད་འཛིན་ལུའུ་ལའི་རྣམ་འགྱུར་ལུང་དྲངས་ནས་པ་ཞིས་ཨ་རིས་ཕྱོགས་རྐྱང་པའི་བྱེད་ཐབས་སྤྱད་དེ། པ་ཞི་ཡི་བདག་དབང་ཉམས་ཞན་དུ་གཏོང་བའམ་ཡང་ན་པ་ཞིར་དཔལ་འབྱོར་གྱི་འཇིགས་སྐུལ་བྱེད་པ་དང་ལེན་བྱེད་མི་སྲིད་ཅེས་བསྐྱར་བསྒྲགས་བྱས།
ཨ་མོ་ལིན་གྱིས་བསྟན་དོན། ཨ་རིའི་སྲིད་གཞུང་གིས་ཉེ་དུས་པ་ཞི་སྲིད་གཞུང་གི་མོས་མཐུན་དངོས་སུ་མ་ཐོབ་པའི་གནས་ཚུལ་འོག ཧྥོ་ལོ་ལི་ཏ་མངའ་སྡེ་དམངས་གྲོས་ཁང་གི་གྲོས་དཔོན་ཏན་ཉིའར·ཕེ་ལེ་སིས་པ་ཞི་རུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་བཞེས་པའི་མིང་འདོན་ཡོངས་བསྒྲགས་བྱས་པ་དེ་ནི“ཁུངས་ལུང་མེད་པ”ཞིག་དང་ཕྱི་འབྲེལ་གྱི་གོམས་སྲོལ་དང་རྒྱབ་འགལ་བྱས་པ་ཞིག་རེད། ཁོས་པ་ཞི་སྲིད་གཞུང་གིས་ཟླ10པར་སྲིད་འཛིན་འདེམས་བསྐོ་མ་བྱས་གོང་ཕ་ཁི་སི་ཐན་དུ་སྡོད་པའི་རྒྱལ་ཁབ་ཚང་མའི་གཞུང་ཚབ་ཀྱི་ཕྱི་འབྲེལ་འཐུས་མཆན་བཀོད་པའི་ལག་ཁྱེར་གནས་སྐབས་སུ་བདག་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཟེར།
ཨ་རིས་པ་ཞིའི་འབྲེལ་ཡོད་ཉེས་གསོག་རྩ་འཛུགས་དེ“འཇིགས་སྐུལ་རྩ་འཛུགས”ནང་བཅུག་པའི་དོན་དེར་དམིགས་ནས། ཨ་མོ་ལིན་གྱིས་བསྟན་དོན། དེ་སྔོན་ཨ་རིས་དེ་དང་འདྲ་བའི་ངོ་བོ་གཏན་འཁེལ་བྱས་ནས་དེའི་ཕྱི་རྒྱལ་གྱི་དྲག་ཤུགས་བྱ་སྤྱོད་ལ་དག་འབུད་བྱས་པ་དང་། ཨ་རིས་དེར་ཁ་གཡར་ནས་པ་ཞི་ལ་ཐེ་ཇུས་བྱེད་པ་དང་ཐ་ན་དམག་དོན་ལ་ཐེ་ཇུས་བྱེད་ཀྱིན་ཡོད་ཟེར། ཁོས་པ་ཞི་ལ་བདག་དབང་ཆ་ཚང་ཡོད་པས་རང་རྒྱལ་གྱི་གནད་དོན་རང་འགུལ་ངང་ཐག་གཅོད་བྱེད་པ་དང་། པ་ཞི་སྲིད་གཞུང་གིས་རྩ་འཛུགས་ཡོད་པའི་ཉེས་གསོག་ལ་བློ་བརྟན་འགྱུར་མེད་ངང་རྡུང་རྡེག་གཏོང་བར་ཕྱི་རྒྱལ་གྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་དགོས་ཞེས་ནན་གྱིས་བསྟན།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས11ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་ཐོག་བརྙན་ཐུང་སྤེལ་ནས། “མོན་རོ་རིང་ལུགས”ཀྱིས་ཨ་རིའི་ལོ་ངོ་ཉིས་བརྒྱ་ལྷག་ཙམ་གྱི་ཕྱི་འབྲེལ་སྲིད་ཇུས་གསར་བཟོ་བྱས་པ་དང་། ཨ་རིས་སའི་གོ་ལའི་ནུབ་ཕྱེད་དུ་གཙོ་ཁྲིད་ཀྱི་གནས་བབ་བཟུང་བར་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་ཞེས་ཁྱབ་བསྒྲགས་བྱས།
ཤ་བོ་རིན་མཚོས་བསྒྱུར།