ཨ་རིའི་ཙོ་ཀྲི་ཡ་མངའ་སྡེའི་སློབ་རའི་མེ་མདའི་དོན་རྐྱེན་གྱིས་མི་གཉིས་ལ་རྨས་སྐྱོན་བཟོས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཙོ་ཀྲི་ཡ་མངའ་སྡེའི་ཞིག་སི་ཏུན་རྫོང་གི་མཐོ་རིམ་སློབ་འབྲིང་ཞིག་ཏུ་ཚེས12ཉིན་མེ་མདའི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་སློབ་མ་གཉིས་ལ་རྨས་སྐྱོན་ཕོག་པ་དང་། དོགས་ཡོད་ཉེས་ཅན་བཀག་ཉར་བྱས་ཡོད།

ཞིག་སི་ཏུན་རྫོང་གི་བདེ་སྲུང་དཔོན་མ་ཐེ·མོའར་ཏུན་གྱིས་བཤད་རྒྱུར། མེ་མདའི་དོན་རྐྱེན་དེ་ཉིན་དེའི་ཕྱི་དྲོ་རྫོང་དེའི་ཧྭ་ན·ལུའོ་པིན་སི་མཐོ་རིམ་སློབ་འབྲིང་གི་སློབ་རའི་ནང་དུ་བྱུང་། རྨས་སྐྱོན་ཕོག་པའི་སློབ་མ་གཉིས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཚེ་སྲོག་གི་ཉེན་ཁ་མེད།

མོའར་ཏུན་གྱིས་བཤད་རྒྱུར། མིག་སྔར་སློབ་གྲྭ་བདེ་འཇགས་ཀྱི་རྣམ་པར་གནས་ཡོད་པ་དང་། ཁྲིམས་འཛིན་མི་སྣ་འབོར་ཆེན་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད་རྒྱུར་བསམ་གཞིགས་བྱས་ཏེ། མང་ཚོགས་ས་ཁོངས་དེ་ལས་གཡོལ་དགོས། བརྟག་དཔྱད་སྔར་བཞིན་སྤེལ་གྱིན་ཡོད།

ས་གནས་དེ་གའི་སློབ་ཁུལ་གྱི་གཏམ་བཤད་པས་བཤད་རྒྱུར། དོན་དག་གི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། མྱུར་དུ་སློབ་མའི་ཁྱིམ་བདག་ལ་ཆ་འཕྲིན་མང་པོ་ཁྱབ་བསྒྲག་བྱེད་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།