
དབྱི་ལང་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་ཚེས13ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་ཡིག་ཆ་སྤེལ་ནས་བཤད་རྒྱུར། ཨ་རིས་གསང་འཕྲིན་ལ་ནོར་འཛོལ་བྱུང་བའི་རྐྱེན་གྱིས་དབྱི་ལང་གི་དམག་འཁྲུག་དང་། ཧོའར་མུའུ་ཙི་མཚོ་འགག་གི་གནས་བབ་སོགས་ཀྱི་གནད་དོན་ཐད་བརྡར་གཅོད་བྱས་པ་ནོར་འདུག་ཟེར།
ཨ་ལ་ཀེ་ཆིས་ཨ་རིས་དུས་ཡུན་རིང་པོར་གསང་འཕྲིན་ལ་ནོར་འཛོལ་བྱུང་བའི་རྐྱེན་གྱིས་ཁྲིམས་གཅོད་ནོར་འཁྲུལ་བྱུང་བ་དང་། དབྱི་ལང་གི་དམག་འཁྲུག་ལ་དམིགས་པ་ནི་དཔེ་མཚོན་གྱོད་གཞི་ཡིན་ཞིང་། ད་ལྟ་ཨ་རིས་ཧོའར་མུའུ་ཙི་མཚོ་འགག་གནད་དོན་ཐད་ཁྲིམས་གཅོད་ནོར་འཁྲུལ་དེ་བས་ཆེ་བ་གནས་ཡོད་ཅེས་བྲིས་ཡོད་པ་དང་། ཁོས་ད་དུང་ཨ་རིའི་ཕྱོགས་ཀྱིས་གསང་འཕྲིན་རྫུན་མར་སེམས་ཆུང་བྱེད་དགོས་ཟེར།
ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་ནས་བཤད་རྒྱུར། ཨ་རིས་ཧོའར་མུའུ་ཙི་མཚོ་འགག་རྦད་དེ་ཚོད་འཛིན་བྱས་ཡོད་ལ། དབྱི་ལང་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། ཐི་ལིང་ཕུའུ་ཡིས་ད་དུང་ངས་བསམ་ན་ང་ཚོས་མུ་མཐུད་དུ་དེ་ལ་ཚོད་འཛིན་བྱེད་སྲིད་ཟེར།
དབྱི་ལང་ཧྥ་ཨེར་སིའི་གསར་འགྱུར་ཁང་གིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ལང་གི་ཡུལ་དམག་དྲག་དཔུང་གིས“དབུལ་པོའི་རྩ་འཛུགས་སྐུལ་སློང་བྱེད་པའི”འགན་འཁུར་བ་ཧོའུ་སའེ་དབྱིན·ཐ་དབྱི་པུའུ་ཡིས་ཉིན་དེར་ཧོར་མུའུ་ཙི་མཚོ་འགག་ནི་དབྱི་ལང་གི་དོ་དམ་དང་ཚོད་འཛིན་འོག་གནས་ཡོད་ཅེས་བཤད།
ཤ་བོ་རིན་མཚོས་བསྒྱུར།