
དབྱི་སི་རལ་དུ་སྡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་མའེ་ཁེ·ཧོ་ཁ་པི་ཡིས་ཚེས13ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བཤད་རྒྱུར། ཉེ་ལམ་ཡུའེ་ཏན་ཆུ་བོའི་ནུབ་ངོགས་སུ་ཕ་ལེ་སི་ཐན་གྱི་དམངས་ཁང་དུ་བཙན་སྡོད་བྱེད་མཁན་གྱི་དབྱི་སི་རལ་ནི་“འཇིགས་སྐུལ་པ”རེད་ཟེར།
《དབྱི་སི་རལ་དུས་རབས་ཚགས་པར》གྱིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གཏན་སྡོད་བྱེད་མཁན་གྱིས་ཚེས9ཉིན་ནས་བཟུང་ཡུའེ་ཏན་ཆུ་བོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ན་པུའུ་ལུའུ་སིའི་ལྷོ་ངོས་ཀྱི་ཀུའུ་སི་ལ་སྡེ་བའི་ཁྱིམ་ཚང་གཉིས་ཀྱི་མང་ཚོགས་ཀྱི་སྡོད་ཁང་ལ“བཀག་སྡོམ”བྱས་ནས། སྡོད་དམངས་འགྲོ་འོང་བྱེད་པར་བཀག་འགོག་བྱས་ཟེར།
ཧོ་ཁ་པི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་དོན་དེར་ཨ་ལན་སློག་སྐབས་བཤད་རྒྱུར། དབྱི་སི་རལ་དུ་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་ཆེན་མོས་ཐོག་མཐའ་བར་གསུམ་དུ་དོན་དེར“ཚད་མཐོའི་ཐེ་ཞུགས”བྱས་ཏེ། རྒྱལ་སྲུང་དམག་དང་དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་རེ་བ་ལྟར་ཡུལ་དངོས་སུ་བསྐྱོད་དེ“འཇིགས་སྐུལ་པ”མཐར་སྐྲོད་བཏང་ཟེར།
ཧོ་ཁ་པི་ཡིས་བསྟན་དོན། གཏན་སྡོད་བྱ་ཡུལ་དང་འབྲེལ་བ་ཡོད་པའི་བྱ་སྤྱོད་ནི“ཉེས་གསོག་བྱ་སྤྱོད”ཀྱི་ཁོངས་སུ་གཏོགས་པ་དང་། དེ་ནི“ཡུལ་མིར་འཇིགས་སྣང་སྐུལ་བ་དང་ཟིང་ཆ་སློང་བའི་འཇིགས་སྣང་སྐུལ་བའི་བྱ་སྤྱོད”ཡིན་ཞིང་། དེའི་བྱ་སྤྱོད་ནི“སྐྱུག་བྲོ་བ”ཞིག་རེད། ཧོ་ཁ་པི་ཡིས་ད་དུང་བཤད་རྒྱུར། དབྱི་སི་རལ་དུ་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས“ཐོག་མཐའ་བར་གསུམ་དུ་ཨ་རིའི་སྲིད་གཞུང་ལ་གནས་ཚུལ་གྱི་འཕེལ་རིམ་བརྡ་ཁྱབ་གཏོང་བཞིན་ཡོད”ཟེར།
དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པས་ཚེས12ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཡུལ་མིའི་སྡོད་ཁང་བཀག་སྡོམ་བྱས་པའི་ཉེ་འགྲམ་གྱི་ས་ཁོངས་དེ“བཀག་སྡོམ་དམག་དོན་ཁུལ”དུ་དབྱེ་བ་དང་། དབྱི་སི་རལ་གྱི་མཐའ་མཚམས་ཉེན་རྟོག་པས་ས་ཁོངས་དེར་རས་གུར་ཕུབ་པ་མ་ཟད་དེའི་ནང་སྡོད་མཁན་གཞིས་ཆགས་པ་རྣམས་ཁ་འགྲེམས་བྱས་ཡོད་ཟེར། འོན་ཀྱང་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས13ཉིན་བར། གཏན་སྡོད་བྱེད་མཁན་གྱིས་སྔར་བཞིན་ཕྱིར་ལོག་རྩིས་བྱས་པ་མ་ཟད་འབྲེལ་ཡོད་ས་ཁོངས་སུ་སྡོད་རྩིས་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།