
ཐུར་ཁེའི་སྨྱན་སྦྱོར་གྱིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ལྟ་སྐོར་གྲུ་གཟིངས་ཤིག་ཉིན་དེར་ཐུར་ཁེའི་ལྷོ་ནུབ་རྒྱུད་ཀྱི་མུའུ་ལཱ་ཞིང་ཆེན་གྱི་ཧྥེ་ཐེ་ཞི་ཡེའི་ཉེ་འགྲམ་དུ་མེ་ཤོར་བ་དང་། གྲུ་ཐོག་གི་མི་བརྒྱ་ལས་བརྒལ་བ་མཚོ་ནང་དུ་མཆོང་ནས་ཉེན་གཡོལ་བྱས། མིག་སྔར་མི་སྣ་ཤི་བའི་སྙན་ཞུ་བྱས་མེད།
བསྒྲགས་པ་ལྟར་ན། ས་དེའི་དུས་ཚོད11ཡས་མས་སུ། དོན་རྐྱེན་ནི་ཡུལ་སྐོར་གནས་མཆོག་ཧྥེ་ཐི་ཞི་ཡེའི་མཚོ་འགག་གི་ཉེ་འགྲམ་ནས་བྱུང་། དོན་དག་བྱུང་བའི་གྲུ་གཟིངས་སྐབས་དེར་འགྲུལ་སྐྱོད་བྱེད་བཞིན་ཡོད་པ་དང་། དེའི་ཐབ་ཚང་གི་ཁོངས་སུ་རྒྱུ་རྐྱེན་མི་ཤེས་པའི་མེ་ཤོར་བ་དང་། མེ་མགྱོགས་མྱུར་ངང་གང་སར་མཆེད་ཟེར།
བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་གྲུ་ཐོག་ཏུ་བསྡོམས་པའི་མི115ཡོད་པ་དང་། མེ་ཤུགས་ཆེ་རུ་ཕྱིན་རྗེས། གྲུ་ཐོག་གི་མི་སྣས་སྲོག་སྐྱོབ་གྱོན་ཆས་གོན་ནས་རྒྱ་མཚོར་མཆོངས་ཏེ་ཉེན་གཡོལ་བྱས། ཐུར་ཁེའི་མཚོ་འགྲམ་ཉེན་རྟོག་རུ་ཁག་དང་མཚོ་འགྲམ་བདེ་འཇགས་སྡེ་ཁག སྨན་བཅོས་རོགས་སྐྱོབ་མི་སྣ་སྔ་རྗེས་སུ་ཡུལ་དངོས་སུ་བསྐྱོད་པ་དང་། ཉེ་འགྲམ་གྱི་གྲུ་གཟིངས་ཀྱང་རོགས་སྐྱོབ་དང་མི་སྣ་གནས་སྤོ་བྱེད་པའི་ནང་ཞུགས། དུ་སྨུག་གི་ཤུགས་རྐྱེན་ཐེབས་པའི་མི་གཉིས་སྨན་ཁང་དུ་བསྐྱལ་ཟེར།
བསྒྲགས་པ་ལྟར་ན། ལྟ་སྐོར་གྲུ་གཟིངས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། མེ་སྐྱོན་གྱི་རྒྱུ་རྐྱེན་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།
ཤ་བོ་རིན་མཚོས་བསྒྱུར།