
ཚེས12ཉིན། ཧན་གོའི་གྲོང་མི་ཚོགས་པས་ཧྲིག་འར་དུ། ཧན་གོ་རུ་བཅའ་སྡོད་བྱས་ཡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་མདུན་དུ་རྒོལ་གཏམ་གཏོང་བའི་འདུ་ཚོགས་བསྡུས་ནས། འཇར་པན་སྲིད་གཞུང་གིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དམག་འཁྲུག་གི་སྡིག་ཉེས་ཐད་རང་སྐྱོན་རང་བརྟག་བྱས་ཏེ“དམག་ཞབས་མའི”གནད་དོན་ཐད་དངོས་སུ་དགོངས་དག་ཞུ་དགོས་པ་མ་ཟད་སྐྱིན་ཚབ་འཇལ་དགོས་པའི་འབོད་སྐུལ་བཏང་།
ཧན་གོའི་གྲོང་མི་ཚོགས་པས་ངེས་པར་དུ་སྐྱིན་ཚབ་སྤྲོད་དགོས་ཟེར།
ཧན་གོའི་ཀྲེང་དབྱི་ཏང་གི་འགོ་ཁྲིད་ཆོན་དབྱིན་ཀོ་ཡིས་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་སྲིད་སྟེགས་ཐོག་བུད་རྗེས། འཇར་པན་གྱིས་ཞི་བདེའི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་སྔར་བས་སྐུལ་འདེད་བཏང་བ་མ་ཟད། རྒྱུ་མཚན་དེའི་ཐོག་ནས་རྒྱལ་སྲུང་སྔོན་རྩིས་མང་དུ་བཏང་ནས། ཡང་བསྐྱར་དམག་དོན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་། འདི་ས་ཁུལ་གྱི་ཞི་བདེ་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་གི་ཞི་བདེར་ཡང་འཇིགས་སྣང་སྐུལ་བཞིན་ཡོད་པས། ང་ཚོས་ངེས་པར་དུ་བྱ་སྤྱོད་དེ་རིགས་བཀག་འགོག་བྱེད་དགོས་ཟེར།
ཧན་གོའི“དམག་ཞབས་མའི”གནོད་འཚེ་ཕོག་མཁན་ཚོགས་པའི“དྲང་བདེན་རོགས་སྐྱོབ”ཚོགས་པའི་ལས་འཛིན་དཔོན་ཧན་ཅིང་ཅིས་ཀྱིས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་བཙན་འཛུལ་དམག་འཁྲུག་ཐད་ནས་རང་སྐྱོན་རང་བརྟག་མ་བྱས་པར། དེ་ལས་ལྡོག་སྟེ་“ཡང་བསྐྱར་དམག་དོན་ཅན་དུ་འགྱུར་བར་”སྐུལ་འདེད་བཏང་ནས། ཨེ་ཤ་ཡ་ཤར་མ་དང་བྱང་མའི་ཞི་བདེ་ལ་འཇིགས་སྣང་སྐུལ་བ་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད་ཟེར།
ཧན་གོའི་མང་ཚོགས་པའེ་ཧུའེ་ཧྲན་གྱིས་བཤད་རྒྱུར། གལ་ཏེ་སླར་ཡང་དམག་འཁྲུག་བྱུང་ཚེ། “དམག་ཞབས་མའི”གནད་དོན་དང་དེ་བཞིན་ངལ་རྩོལ་བཟོ་པ་བཙན་ཤེད་ཀྱིས་བསྡུ་བ་སོགས་ཀྱི་དམག་འཁྲུག་གི་ཉེས་གསོག་ཡང་བསྐྱར་འབྱུང་སྲིད་པས། ང་ཚོས་འཇར་པན་གྱི་“ཡང་བསྐྱར་དམག་དོན་ཅན་”དུ་སྒྱུར་བའི་བྱ་སྤྱོད་དེ་གཏན་ནས་སྣང་མེད་དུ་འཇོག་མི་རུང་ཟེར།