
ཟླ8པའི་ཚེས12ཉིན། ཁོ་ལོམ་པི་ཡའི་སྲིད་འཛིན་ཏེ་ལ་ཨའེ་སི་ཕུའུ་ལེ་ཡ་ཡིས་བཤད་རྒྱུར། རྒྱལ་ཁབ་དེར་ཚེས10ཉིན་བྱུང་བའི་ས་ཡོམ་དྲག་པོ་དེས་མི265རྐྱེན་ལམ་དུ་ཤོར་བ་དང་མི3494ལ་རྨས་སྐྱོན་བཟོས་ཡོད་ཅིང་། ཁང་པ་ཁྲི་གཅིག་དང་སྟོང་གཅིག་ལྷག་ལ་གཏོར་སྐྱོན་ཐེབས་ཡོད་ལ། ཁང་པ་ཁྲི5ལྷག་ལ་ཚད་གཞི་མི་འདྲ་བའི་སྒོ་ནས་གཏོར་སྐྱོན་བཟོས། གཞན་ཡང་ད་དུང་སློབ་གྲྭ་དང་སྡེ་ཁུལ་ལྟེ་གནས། སྨན་བཅོས་ལྟེ་གནས། འགྲོ་ལམ་ཟམ་པ། གནམ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ལ་གཏོར་བཤིག་བཏང་ཡོད་པ་དང་། ཁོས་དུས་མཉམ་དུ་ཁོ་ལོམ་པི་ཡའི་དཔལ་འབྱོར་ཛ་དྲག་གི་གནས་སུ་ལྷུང་ཡོད་ཅེས་ཁྱབ་བསྒྲགས་བྱས།
མིག་སྔར་འཚོལ་སྐྱོབ་དང་གནོད་འཚེའི་གནས་ཚུལ་དཔྱད་འཇོག་སོགས་ཀྱི་བྱ་བ་སྔར་བཞིན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད། གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་ཁ་ལི་གྲོང་ཁྱེར་དང་ཕེ་ལུའེ་ལ་གྲོང་ཁྱེར་དུ། སྨན་དོན་མི་སྣ་དང་དང་བླངས་པས་ཞིག་རོའི་ཉེ་འགྲམ་དུ། གནས་སྐབས་ཀྱི་སྨན་བཅོས་ས་ཚིགས་བཙུགས་ནས། སྐྱོབ་ཐུབ་པའི་མི་སྣར་སྨན་བཅོས་ཐོག་མ་བྱེད་ཀྱིན་ཡོད།