
ཨ་རིའི་ཕོ་བྲང་དཀར་པོ་ནས་ཚེས13ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཉིན་དེར་མཆད་བཀོད་སྤྱི་བསྒྲགས་སྤེལ་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་སེལ་ཆེད་ནང་འདྲེན་བྱས་པའི་མི་མེད་གནམ་གྲུ་དང་ལྷུ་ལག་ཁག་ལ་དཔྱ་ཁྲལ་བརྒྱ་ཆའི10ནས་བརྒྱ་ཆའི100བར་བསྡུ་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལྟར་ན། འཕུར་སྐྱོད་ལྗིད་ཚད་སྤྱི་རྒྱ24ལས་བརྒལ་བ་དང་ཚ་དྲོད་པར་ལེན་ནུས་པ་ལྡན་པའམ་ཆ་རྐྱེན་གཞན་དག་ཚང་བའི་མི་མེད་གནམ་གྲུའི་རིགས་ལ། ཨ་རི་གཞུང་གིས་འཕྲུལ་ཆས་ཆ་ཚང་དང་སྡོད་གནས། གནད་འགག་གི་ལྷུ་ལག་ཁག་ཅིག་ལ་དཔྱ་ཁྲལ་བརྒྱ་ཆའི100བསྡུ་རྒྱུ་ཡིན་པ་དང་། གཟུགས་དབྱིབས་ཆུང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཆུང་བའི་མི་མེད་གནམ་གྲུ་གཞན་རྣམས་ལ་དཔྱ་ཁྲལ་བརྒྱ་ཆའི24བསྡུ་རྒྱུ་རེད། གསལ་བསྒྲགས་དེ་ལས་ད་དུང་རྒྱལ་ཁབ་འམ་ས་ཁུལ་མང་པོ་ཞིག་གི་མི་མེད་གནམ་གྲུ་དང་ལྷུ་ལག་ཐད་དཔྱ་ཁྲལ་གྱི་ཚད་གཞི་མཐོ་ཤོས་སུ་བརྒྱ་ཆའི15དང་ཡང་ནབརྒྱ་ཆའི10གཏན་འབེབས་བྱས་ཡོད།
གསལ་བསྒྲགས་ཀྱི་ནང་དོན་དུ་ཨ་རིའི་ཚོང་དོན་བློན་ཆེན་གྱིས་མི་མེད་གནམ་གྲུ་དང་ལྷུ་ལག་བཟོ་སྐྲུན་ཕྱིར་ལོག་བྱེད་པའི་མ་འཇོག་ལམ་ལུགས་གསར་པ་འཛུགས་རྒྱུའི་དབང་ཆ་སྤྲད་ཡོད།
གསལ་བསྒྲགས་ཀྱི་ནང་དོན་ལྟར་ན། དཔྱ་ཁྲལ་སྲིད་ཇུས་གསར་བ་འདི་ཟླ་དང་པོའི་ཚེས་གསུམ་ཉིན་ལག་བསྟར་བྱེད་རྒྱུ་རེད། ཤུགས་རྐྱེན་ཆེན་པོ་མེད་པའི་མི་མེད་གནམ་གྲུའི་ལྷུ་ལག་གམ་རྒྱལ་སྲུང་པུའུ་ཡི་དམིགས་བསལ་ཆོག་མཆན་ཐོབ་པའི་ཐོན་རྫས་དང་ལྷུ་ལག་བཅས་ལ་དཔྱ་ཁྲལ་སྲིད་ཇུས་གསར་བ་འདི་2027ལོའི་ཟླ2པའི་ཚེས9ཉིན་ལག་བསྟར་བྱ་རྒྱུ་རེད།
ཐི་ལང་ཕུའུ་ཡིས་གསལ་བསྒྲགས་ཁྲོད་བཤད་རྒྱུར། ཉེ་ཆར་ཨ་རིའི་ཚོང་དོན་པུའུ་ཡིས《1962ལོའི་ཉོ་ཚོང་རྒྱ་བསྐྱེད་བཅའ་ཁྲིམས》ཀྱི་དོན་ཚན232པ་སྟེ་ནང་འདྲེན་བྱས་པའི་མི་མེད་གནམ་གྲུ་དང་ལྷུ་ལག་གིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གྱི་བརྟག་དཔྱད་སྙན་ཞུ་གཞིར་བཟུང་སྟེ་འདི་ལྟ་བུའི་ཐག་གཅོད་བྱས་པ་ཡིན་ཟེར།
ཁོན་ཐར་དབང་རྒྱལ་གྱི་བསྒྱུར།