བྱང་ཆིངས་དམག་འཐབ་གནམ་གྲུས་ལ་ཐོ་ཝེ་ཡ་ནས་ཡང་བསྐྱར་ཕྱི་རྒྱལ་གྱི་མི་མེད་གནམ་གྲུ་གཏོར་བརླག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལ་ཐོ་ཝེ་ཡའི་དྲག་ཆས་དམག་དཔུང་གིས་ཚེས14ཉིན་བྱང་ཆིངས་རྩ་འཛུགས་ཀྱི་དམག་འཐབ་གནམ་གྲུས་ཉིན་དེའི་ཐོ་རེངས་སུ་ལ་ཐོ་ཝེ་ཡའི་བྱང་ཤར་རྒྱུད་དུ་རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་བར་སྣང་དུ་འཛུལ་བའི་ཕྱི་རྒྱལ་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ་ཁྱབ་བསྒྲགས་བྱས།

ལ་ཐོ་ཝེ་ཡའི་དྲག་ཆས་དམག་དཔུང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་ཡིག་ཆ་སྤེལ་ནས་བཤད་རྒྱུར། པོ་ལོ་ཏེ་ཧེ་རྒྱལ་ཁབ་ཏུ་མཁའ་ཐོག་ཉེན་ཟོན་ལས་འགན་སྒྲུབ་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་འཐབ་གནམ་གྲུས་པའར་ཝེ་ས་ཁུལ་དུ་ཕྱི་རྒྱལ་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ་མ་ཟད། མི་མེད་གནམ་གྲུ“ཨུ་རུ་སུའི་གློག་རྡུལ་དམག་འཁྲུག་གི་ཤུགས་རྐྱེན་ཐེབས”ཏེ་རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་བར་སྣང་དུ་འཕུར།

ལ་ཐོ་ཝེ་ཡའི་གསར་འགྱུར་ཁང་གིས་ཉིན་དེར་ལ་ཐོ་ཝེ་ཡའི་དམག་ཕྱོགས་ཀྱི་གཏམ་བཤད་པ་ཞིག་གི་སྐད་ཆ་ལུང་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། མི་མེད་གནམ་གྲུ་ནི་བར་སྣང་ནས་ས་ལ་ལྷུང་བ་ཡིན་པས། དེའི་ཆག་རོ་ས་ཁོངས་ཆེན་པོ་ཞིག་ཏུ་ལྷུང་སྲིད་ཟེར།

ད་ལོར་ཕྱི་རྒྱལ་གྱི་མི་མེད་གནམ་གྲུ་ལ་ཐོ་ཝེ་ཡའི་མངའ་ཁོངས་བར་སྣང་དུ་འཛུལ་བའི་དོན་རྐྱེན་མང་པོ་བྱུང་། ཟླ5པའི་ཚེས7ཉིན་གྱི་ཐོ་རེངས་སུ། མི་མེད་གནམ་གྲུ་ཁ་ཤས་ཨུ་རུ་སུ་ནས་ལ་ཐོ་ཝེ་ཡའི་ཤར་རྒྱུད་ཀྱི་མངའ་ཁོངས་བར་སྣང་དུ་འཛུལ་བ་དང་། དེའི་ནང་གི་གནམ་གྲུ་གཉིས་ལེ་ཙེ་ཁེ་ནེའི་རྡོ་སྣུམ་གསོག་ཉར་སྒྲིག་བཀོད་ཅིག་གི་ནང་ལྷུངས་ནས་ཆག་སྐྱོན་བྱུང་ཡོད།

ཟླ6པའི་ཚེས8ཉིན། བྱང་ཆིངས་རྩ་འཛུགས་ཀྱི་པོ་ལོ་ཏེ་ཧེ་བར་སྣང་ཁྱབ་ཁོངས་སུ་སྐོར་གཡེང་བྱེད་པའི་ལས་འགན་སྒྲུབ་མཁན་ཧྥ་རན་སིའི་དམག་འཐབ་གནམ་གྲུས་མཁའ་དབྱིངས་སུ་ཕྱི་རྒྱལ་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ་རེད།

ཤ་བོ་རིན་མཚོས་བསྒྱུར།