དབྱི་ལང་གིས་གལ་ཏེ་ཆ་རྐྱེན་ཁས་མ་བླངས་ཚེ་གདོང་ཐུག་ཛ་དྲག་ཏུ་གཏོང་རྒྱུ་ཡིན་པ་བསྟན་ལ། ཨ་རིས་དུས་བཅད་མེད་པར་མཚོ་ཐོག་གི་བཀག་སྡོམ་རྒྱུན་སྐྱོང་ཐུབ་པར་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གྱི་བློ་འདོན་པ་མུའུ་ཧོ་པེ་འར་གྱིས་ཚེས13ཉིན། ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ་ཡིས་འཐབ་ཇུས་ཀྱི་ཇུས་ཐག་གསལ་པོ་བཅད་དེ། གལ་ཏེ་དབྱི་ལང་གིས་བཏོན་པའི་ཆ་རྐྱེན་ཁས་ལེན་མ་བྱས་ཚེ། གདོང་ཐུག་ཛ་དྲག་ཏུ་གཏོང་བའི་བྱེད་ཐབས་སྤྱད་དེ་ཡ་ལན་སློག་རྒྱུ་ཡིན་ཞེས་བསྟན། དབྱི་ལང་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ལང་གིས་བཏོན་པའི་ཆ་རྐྱེན་ནང་དབྱི་ལང་དང་དེའི་ས་ཁུལ་གྱི་མནའ་འབྲེལ་ལ་དུས་གཏན་དུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་རྒྱུ་དང་། དབྱི་ལང་ལ་མཚོ་ཐོག་བཀག་སྡོམ་བྱེད་མཚམས་འཇོག་རྒྱུ། དབྱི་ལང་ལ་དམག་འཁྲུག་གི་སྐྱིན་ཚབ་འཇལ་རྒྱུ། དེ་མིན་བཀག་སྡོམ་མེད་པར་བཟོ་རྒྱུ་སོགས་འདུས་ཡོད།

ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧོ་ཀེ་སའེ་སི་ཡིས་ཚེས13ཉིན་བསྟན་དོན། ཨ་རིའི་དམག་དཔུང་ལ་དམག་དོན་གྱི་སྟོབས་ཤུགས་འདང་ངེས་ཡོད་པས། དུས་ངེས་མེད་དུ་དབྱི་ལང་ལ་མཚོ་ཐོག་ནས་བཀག་སྡོམ་བྱས་ཆོག  ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེས་ཉིན་དེར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རིས་དབྱི་ལང་གི་དཔལ་འབྱོར་ལ་རྡུང་རྡེག་གཏོང་བའི་ཐད“སྔར་བྱུང་མ་མྱོང་”བའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་བསྟན། 

ཨ་རིའི་སྨྱན་སྦྱོར་གྱིས་ཚེས་13ཉིན། ཨ་རིའི་དཔོན་ཕྱོགས་ཀྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན།  ཨ་རིའི་དམག་དཔུང་གིས་དབྱི་ལང་དང་དམག་འཁྲུག་རྒྱག་སྐབས་ཉུང་མཐའ་ཡང་MQ-9“འཆི་བདག”རྟགས་ཅན་གྱི་མི་མེད་གནམ་གྲུ45གཏོར་བརླག་བཏང་ཞིང་། དེས་ཨ་རིའི་དམག་དཔུང་གི་མི་མེད་གནམ་གྲུ་དེའི་རིགས་མཛོད་ཉར་བྱས་པའི་ནང་གི་བཞི་ཆའི་གཅིག་ཉེ་བ་ཟིན་ཡོད།   གནས་ཚུལ་སྤེལ་བར་གཞིགས་ན། “འཆི་བདག”རྟགས་ཅན་གྱི་མི་མེད་གནམ་གྲུའི་མ་རྩ་ལྟར་ན། ཨ་རིར་དེའི་ཐད་གྱོང་གུན་ཐེབས་ཚད་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལས་བརྒལ་ཡོད།

གཞན་ཡང་ཨ་རིའི་སྨྱན་སྦྱོར་གྱིས་ཚེས13ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས“ཧྭ་ཧྲིན་ཏོན”རྟགས་ཅན་གྱི་མ་གྲུ་དབུས་ཤར་དུ་བཏང་ནས་བཀོད་སྒྲིག་བྱས་ཏེ་ཉིན250ལྷག་འགོར་བའི“ལིན་ཁིན”རྟགས་ཅན་གྱི་མ་གྲུ་བརྗེ་གསོར་བྱ་རྒྱུ་རེད།