རྒྱལ་སྤྱིའི་མི་སྣས་འཇར་པན་གྱིས་ལོ་རྒྱུས་འཁྱོག་བཤད་བྱས་ནས“ཡང་བསྐྱར་དམག་དོན་ཅན”ཇེ་མགྱོགས་སུ་གཏོང་བའི་སྤྱོད་ངན་ཐེར་འདོན་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་སྤྱིའི་མི་སྣས་བསྟན་དོན། འཇར་པན་སྲིད་གཞུང་གིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་བཟུང་མེད་པ་མ་ཟད། བཙན་འཛུལ་གྱི་ཉེས་འགན་ལ་རང་སྐྱོན་རང་བརྟག་མི་བྱེད་པར། དེ་ལས་ལྡོག་སྟེ་མུ་མཐུད་དུ་དམག་ཤུགས་རྒྱ་བསྐྱེད་དེ། “ཡང་བསྐྱར་དམག་དོན་ཅན”གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བས།ཉེན་ཁ་ཆེ་བའི་ཕྱོགས་ལྷུང་དེས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྐུལ་བཟོ་ངེས་རེད།

སིང་ཀ་ཕོར་གྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་མཁས་དབང་ལིན་ཧྲའོ་པིན་གྱིས་བཤད་རྒྱུར།  ལོ་ངོ་བརྒྱད་ཅུ་ཙམ་གྱི་སྔོན་ལ་འཇར་པན་གྱིས་ཡ་གླིང་དུ་དམག་འཁྲུག་གི་ནག་ཉེས་ཚབས་ཆེན་བཟོས་ཡོད། དེའི་ནང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་སྤྱོད་མང་པོ་ཞིག་ད་བར་ད་དུང་འདྲི་གཅོད་བྱས་མེད། ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ནི།  འཇར་པན་གྱི་གཡས་རུའི་ཕྱོགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་གཡོ་བཅོས་བྱེད་རྩིས་བྱས་པ་དེ་རེད།  ཉེ་བའི་ལོ་འགའི་རིང་འཇར་པན་སྲིད་གཞུང་གིས་ཉེན་ཁ་ཆེ་བའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། ཡང་བསྐྱར་དམག་དོན་ཅན་དུ་འགྱུར་བའི་ཧམ་སེམས་ཕྱིར་མངོན་པ་དང་། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད་པས། འཇར་པན་གྱིས་ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་མ་ཟད། ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཟེར།

འབར་མའི་གསར་འགྱུར་སྨྱན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཆིན་མའོ་ཙོ་ཡིས་བཤད་རྒྱུར། འཇར་པན་གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རིང་འབར་མའི་མི་འབོར་ཆེན་བསྡུས་ནས་ཐེ་ཀོ་དང་འབར་མའི“འདས་པའི་ལྕགས་ལམ”གྱི་ཏན་པེའོ་ཀྲ་ཡ་ལམ་གྱི་བཟོ་སྐྲུན་ནང་ཞུགས་སུ་བཅུག་སྟེ་མི་འབོར་ཆེན་རྐྱེན་ལམ་དུ་ཤོར་བར་བྱས། འཇར་པན་གྱིས་ལོ་རྒྱུས་དེར་ལྟ་སྟངས་ཡང་དག་མི་འཛིན་པར་མ་ཟད།ད གོངས་དག་ཀྱང་ཞུས་མྱོང་མེད། ཧྥེས་ལི་པེན་དང་ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་གཞན་དག་ཏུའང་དེ་དང་འདྲ་བའི་གནས་ཚུལ་ཡོད། འོན་ཀྱང་ཉེ་ཆར་ང་ཚོས་ཀའོ་ཧྲི་སྲིད་དབང་གིས་རྩ་ཁྲིམས་བཟོ་བཅོས་དང“དམག་དོན་ཅན་དུ་འགྱུར་བ”ཇེ་མགྱོགས་སུ་གཏོང་བའི་རེ་ངན་བཅངས་ཡོད་པ་མཐོང་བྱུང་། འཕེལ་ཕྱོགས་འདི་དག་ལ་ཉེན་ཁའི་རང་བཞིན་ལྡན་པས། ས་ཁུལ་ཡོངས་ཀྱི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བརླག་ཐེབས་སྲིད་ཟེར།

ཧན་གོའི་ཧྲེང་ཀུང་ལྷན་ཚོགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལེང་ཆི་ཧའོ་ཡིས་བཤད་རྒྱུར།འཇར་པན་གྱི་ཀའོ་ཧྲི་སྲིད་དབང་གིས་དབང་བཟུང་མ་ཐག  དམག་ཤུགས་རྒྱ་སྐྱེད་དང་དམག་འཁྲུག་གྲ་སྒྲིག་གི་བྱ་སྤྱོད་རབ་དང་རིམ་པ་སྤེལ། དཔེར་ན། “རྒྱལ་ཁབ་གསང་འཕྲིན་ཅུས”བཙུགས་ནས་པར་གཞི་གསར་པ《འགོག་སྲུང་གི་རྒྱབ་ཤ་དཀར་པོའི་དེབ་ཐེར》སོགས་ཁྱབ་བསྒྲགས་བྱས། འཇར་པན་སྲིད་གཞུང་གིས་ད་དུང་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་དམག་རྒྱལ་རིང་ལུགས་སླར་གསོ་བྱེད་པར་རྨང་གཞི་འདིང་རྩིས་བྱས། ཀའོ་ཧྲི་སྲིད་དབང་གི་བྱེད་སྟངས་ཀྱིས་རྒྱལ་ནང་གི་ངོ་རྒོལ་གྱི་འུར་སྒྲ་ཇེ་ཆེར་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་ཁྲལ་ཡང་བསླངས་ཟེར།

རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན། འཇར་པན་གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཁྲོད་ནས་བསླབ་བྱ་ལེན་དགོས་པ་ལས་དམག་རྒྱལ་རིང་ལུགས་ཀྱི་རྗེས་ཤུལ་ལ་བསྐྱར་ལོག་གཏན་ནས་བྱེད་མི་རུང་།

ཨུ་རུ་སུའི་མོ་སི་ཁོ་རྒྱལ་བཙུགས་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སློབ་གླིང་གི་ཚན་ཞིབ་འགོ་གཙོ་གཞོན་པ་ཨན་ཏེ་ལེ·ཧྥེ་ཞིག་ཨིན་གྱིས་བཤད་རྒྱུར།  འཇར་པན་གྱི་གཡས་རུ་ཕྱོགས་ཁག་གིས་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱས་ནས་བསླབ་བྱ་བླངས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འཇིགས་སྐུལ་ཞེས་པ་རྒྱུན་ཆད་མེད་པར་འུད་སྒྲོག་བྱས་ཏེ།“ཡང་བསྐྱར་དམག་དོན་ཅན”ལ་སྐུལ་འདེད་གཏོང་བར་ཁ་གཡར་ས་བཙལ་བཞིན་ཡོད་ཟེར།

ཧྥ་རན་སེའི་ཕ་རི་སིའི་ཆབ་སྲིད་སློབ་གླིང་གི་དགེ་རྒན་ཆེན་མོ། རྒྱལ་སྤྱིའི་འབྲེལ་ལམ་ཆེད་མཁས་པ་སྨི་ཞེར་·ལུའུ་དབྱི་སྨི་ཡིས་བཤད་རྒྱུར།ལོ་ངོ་བརྒྱད་ཅུ་ལྷག་གི་རིང་ལ་དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་པར་སྔོན་འགོག་བྱེད་ཆེད། འཇར་པན་གྱི་གསང་འཕྲིན་ལས་ཁུངས་ཐོག་མཐའ་བར་གསུམ་དུ་ཁ་ཐོར་དུ་སྒྲིག་འཛུགས་བྱས་ཡོད། ཉེ་ཆར། འཇར་པན་གྱིས་རྒྱལ་ཁབ་གསང་འཕྲིན་ཅུས་བཙུགས་པ་མ་ཟད། འཇར་པན་སྲིད་གཞུང་གིས་ད་དུང་དམག་གྲོན་མང་དུ་བཏང་སྟེ་མཚོན་ཆ་ཕྱིར་གཏོང་གི་ཚོད་འཛིན་མེད་པར་གཏོང་བ་སོགས་ལ་རེ་སྒུག་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་སྲིད་གཞུང་གི“ཡང་བསྐྱར་དམག་དོན་ཅན”གྱི་བྱ་སྤྱོད་ལ་ངེས་པར་དུ་དོགས་ཟོན་བྱེད་དགོས་ཟེར།