མོ་རོ་ཁོ་ཡིས་མཐའ་མཚམས་འགོག་སྡོམ་ལ་ཤུགས་བསྣན་ཏེ་ཁྲིམས་འགལ་ངང་མངའ་ཁོངས་བརྒལ་རྩིས་ཡོད་པའི་མི294བཀག
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མོ་རོ་ཁོ་ཡི་ས་གནས་སྨྱན་སྦྱོར་གྱིས་ཚེས15ཉིན་མོ་རོ་ཁོ་ཡི་བདེ་འཇགས་སྡེ་ཁག་གི་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་དེའི་དུས་ཚོད་ཀྱི་ཆུ་ཚོད་གཉིས་དང་སྐར་མ་ཞེ་ལྔའི་བར་དུ། མོ་རོ་ཁོའི་བདེ་འཇགས་སྡེ་ཁག་གིས་སི་ཕེན་བྱང་ཕྱོགས་དང་ཉེ་བའི་འགྲོ་འོང་བྱེད་གནས་མིན་པའི་ཞིའུ་ཏ་མཐའ་མཚམས་ས་ཁུལ་དུ་ཁྲིམས་འགལ་ངང་མངའ་ཁོངས་བརྒལ་རྩིས་ཡོད་པའི་མི294བཀག་ཅིང་། དེའི་ཁྲོད་ཀྱི་མི248ས་ཧ་ལ་ལྷོ་ཕྱོགས་ཀྱི་ཧྥེ་གླིང་རྒྱལ་ཁབ་ནས་ཡོང་བ་དང་། མི46མོ་རོ་ཁོའི་མི་རེད།

གནས་ཚུལ་ལ་གཞིགས་ན། མོ་རོ་ཁོའི་བདེ་འཇགས་སྡེ་ཁག་གིས་མིག་སྔར་སྔར་བཞིན་མཐའ་མཚམས་གྲོང་ཁྱེར་ཧྥུའུ་ཉི་ཏའེ་ཀི་དང་མཐའ་མཚམས་སུ་འགྲོ་བའི་རྒྱུ་ལམ་གཞན་དག་ཏུ་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། མི་མེད་གནམ་གྲུ་བཀོད་སྒྲིག་བྱས་ཏེ་བར་སྣང་ཞིབ་བཤེར་བྱེད་ཀྱིན་པ་དང་། སྒུལ་འཁོར་གྱི་ཐེ་གཏོགས་སྟོབས་ཤུགས་དང་ཆུ་སྒྱོགས་རླངས་འཁོར་སོགས་འགུལ་སྐྱོད་བྱེད་བཞིན་པ་མ་ཟད་ཞིབ་བཤེར་ས་ཚིགས་དང་རྒྱུ་ལམ་གཙོ་བོརའི་ལམ་ཐིག་གི་བདེ་འཇགས་ལྟ་ཞིབ་ཐད་ཤུགས་བསྣན་ཡོད་ཟེར།

ཟླ7པའི་ཟླ་མཇུག་ཏུ། སི་ཕེན་མཐའ་མཚམས་ཀྱི་སྲིད་ཇུས་དང་འབྲེལ་བའི་ཆ་འཕྲིན་ནོར་འཆུག་ཅན་ཞིག་སྤྱི་ཚོགས་སྨྱན་སྦྱོར་སྟེང་ཁྱབ་སྤེལ་བྱས་ཏེ། མི་ཁྲི་བརྒྱད་ཙམ་ཉེན་ཁའི་རང་བཞིན་གྱི་ཆུ་ཁོངས་བརྒལ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མོ་རོ་ཁོའི་ཞིའུ་ཏ་ས་ཁུལ་དུ་ཐོན་པས། སི་ཕེན་གྱི་ཉེ་བའི་ལོ་འགའི་རིང་གི་ཆེས་གཟབ་ནན་ཡིན་པའི་མཐའ་མཚམས་གནས་སྤོར་སྡོད་དམངས་ཉམས་ཉེན་ལ་འཕྲད་དུ་བཅུག་ཅིང་། ཉུང་མཐར་ཡང་མི96ལྐོགས་བྲོས་ཁྲོད་རྐྱེལ་ལམ་དུ་ཤོར་བ་རེད།

ཉེ་སྔོན་མཉམ་འབྲེལ་དྲ་བའི་སྟེང་ཚེས15ཉིན་ཡང་བསྐྱར་ཐུན་མོང་ལྐོགས་བྲོས་ཀྱི་སྦྱར་ཡིག་ཅིག་གིས་མི་རྣམས་ལ་སྐུལ་མ་བྱས་པར་གཞིགས་ནས། མོ་རོ་ཁོ་དང་སི་ཕེན་གྱི་དོགས་ཟོན་མཐོར་འདེགས་བཏང་ཞིང་། ལྐོགས་བྲོས་ཀྱི་ཚ་རླབས་ཡང་བསྐྱར་འཕྱུར་བར་འགོག་ཟོན་ནན་མོ་བྱས་ཡོད།

དེ་སྔའི་ཉིན་ཁ་ཤས་ཤིག་གི་རིང་། མོ་རོ་ཁོའི་ཕྱོགས་ཀྱི་ཉེན་བརྡ་བཏང་ནས་བཤད་རྒྱུར། རྩ་འཛུགས་སམ་ཡང་ན་ཁྲིམས་འགལ་ངང་མངའ་ཁོངས་བརྒལ་བའི་བྱ་སྤྱོད་སྤེལ་མཁན་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱེད་རྒྱུ་ཟེར། མོ་རོ་ཁོའི་འབྲེལ་ཡོད་སྡེ་ཁག་གིས་བསྟན་དོན། མིག་སྔར་མཐའ་མཚམས་ས་ཁུལ་གྱི་གནས་བབ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད་ཅིང་། འབྲེལ་ཡོད་ཀྱི་བདེ་འཇགས་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།