
དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིས་དབྱི་ལང་ལ་དཔལ་འབྱོར་དང་ཉོ་ཚོང་བཀག་སྡོམ་གསར་པ་ལག་བསྟར་བྱས་པར་རྒོལ་གཏམ་དྲག་པོ་བཏང་། གསལ་བསྒྲགས་ལས་བཤད་རྒྱུར། ཨ་རིའི་འབྲེལ་ཡོད་བཀག་སྡོམ་གྱིས་དབྱི་ལང་སྤྱི་དམངས་ཀྱི་རྩ་བའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པ་དེ་ནི“དཔལ་འབྱོར་འཇིགས་སྐུལ་རིང་ལུགས”དང“མིའི་རིགས་ལ་ངོ་རྒོལ་བྱས་པའི་ནག་ཉེས”ཀྱི་མཚོན་ཚུལ་ཞིག་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་བའི་ཚད་གཞིར་རྡོག་རྫིས་བཏང་ཡོད། དབྱི་ལང་གིས“ཡོ་བྱད་དང་ནུས་པ་ཐམས་ཅད”ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་དབྱི་ལང་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ངེས།
ཨ་རིའི་སྲིད་གཞུང་གིས་ཉིན་དེར་བསྟན་དོན། དབྱི་ལང་གི་དཔལ་འབྱོར་ལ་གནོན་ཤུགས་ཆེན་པོ་སྤྲད་ནས། དབྱི་ལང་ལ་སྔར་བྱུང་མྱོང་མེད་པའི་དཔལ་འབྱོར་ཁེར་རྐྱང་གི་སྲིད་ཇུས་ལག་བསྟར་བྱ་ངེས། དབྱི་ལང་གི་དཔལ་འབྱོར་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་འཆར་གཞི་ཡིས་ཨ་རིས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་གཞི་ཁྱོན་ཆེན་པོ་སྤེལ་མི་དགོས་པར་ཀྱང་སྲིད།
ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས20ཉིན་ཡིག་ཆ་བཀྲམ་ནས་བཤད་རྒྱུར། “ཝ་ཧྲིང་ཐོན”རྟགས་ཅན་གྱི་མ་གྲུ་རྡུང་རྡེག་ཚོགས་པ་ཚེས19ཉིན་ཀྲུང་དབྱང་དམག་སྤྱི་པུའུ་ཡི་མངའ་ཁུལ་དུ་འབྱོར་རྗེས། སྔོན་བཀོད་བཀོད་སྒྲིག་ལྟར་དབུས་ཤར་ས་ཁུལ་དུ་ལས་འགན་བསྒྲུབས་ནས། ཡར་སྔོན་གྱི་ས་ཁུལ་དེའི“ལིན་ཁེན”རྟགས་ཅན་གྱི་མ་གྲུའི་ཚབ་བྱེད་བཞིན་ཡོད་པ་རེད། ཨ་རིའི་སྨྱན་སྦྱོར་གྱིས་ཚེས་20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། “ལིན་ཁེན”རྟགས་ཅན་གྱི་མ་གྲུ་དེ་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་ནས་ཉིན260ལས་བརྒལ་ཡོད་པ་རེད།