ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆད་དངུལ་ཨ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ཕྱིར་སྤྲོད་བྱ་རྒྱུའི་འཆར་གཞི་བཟོས་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ8པའི་ཚེས21ཉིན། ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་སྲིད་གཞུང་གིས་རྒྱལ་ཚོགས་ལ་བརྡ་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ལ་ཨ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ཕྱིར་སྤྲོད་བྱ་རྒྱུའི་འཆར་གཞི་བཟོས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལ་ཆད་པའི་ཚོགས་དངུལ་སྐོར་ཞིག་དང་དེ་བཞིན་གྲོན་དངུལ་གཞན་དག་འཇལ་རྩིས་ཡོད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ལ་ཟླ་འདིར་རྒྱལ་ཚོགས་ཀྱི་གྲོས་མིར་ཕུལ་བའི་བརྡ་ཐོ་ལས་གསལ་བ་ལྟར་ན། ཨ་རིའི་རྒྱལ་སྲིད་ཁང་གིས་ཨ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་ལྔ་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ལ་ཆད་པའི་ཚོགས་དངུལ་གཏོང་སྤྲོད་བྱེད་རྩིས་ཡོད་པ་དང་། ཨ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་ལྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧའེ་ཏི་དང་ཁོང་ཀོའི་ཅིན་གྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྤྲོད་རྒྱུ་རེད།

སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཆ་གསེས་མ་དངུལ་བསྡོམས་འབོར་ཨ་སྒོར་ཐེར་འབུམ་ལྔ་ཙམ་ཆད་འགྱངས་བྱས་པའི་ནང་། ཚོགས་དངུལ་ཨ་སྒོར་ཐེར་འབུམ་གཉིས་ལྷག་དང་། ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་གྲོན་དངུལ་ཨ་སྒོར་ཐེར་འབུམ་གསུམ་ལྷག་འདུས་ཡོད།

ད་ལོའི་ཟླ་དང་པོའི་ཚེས30ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡི་མགྲིན་ཚབ་པ་གཞོན་པ་ཧ་ཁི་ཡིས་བཤད་རྒྱུར། ཀུའུ་ཐེ་ལེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཚང་མར་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལ“མ་དངུལ་ཚར་ལ་ཉེ་བའི་ཉེན་ཁར་འཕྲད་ཡོད”ཅེས་ཉེན་བརྡ་བཏང་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།