ཨུ་རུ་སུ་ཡིས་འཇར་པན་གྱིས་ཁྱོན་ཡོངས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁས་བླངས་ཏེ། བཙན་འཛུལ་བྱས་པའི་ལོ་རྒྱུས་ཡག་བསྒྱུར་བྱེད་པ་མཚམས་འཇོག་དགོས་ཟེར།
ཁུངས། ཀློག་གྲངས།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས20ཉིན་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན། འཇར་པན་གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་སྐབས་སུ་བསླངས་པའི་ཕྱི་ཕྱོགས་བཙན་འཛུལ་གྱི་དམག་འཁྲུག་དེ། ལོ་བཅུ་ཕྲག་ཅིག་འགོར་རུང་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁས་མི་ལེན་པ་རེད། ཨུ་རུ་སུ་ཕྱོགས་ནས་འཇར་པན་གྱིས་ཁྱོན་ཡོངས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁས་བླངས་ཏེ། བཙལ་འཛུལ་བྱས་པའི་ལོ་རྒྱུས་ཡག་བསྒྱུར་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས།

ཀྲ་ཧ་ལོ་ཝ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། འཇར་པན་གྱིས་ཆ་རྐྱེན་མེད་པའི་སྒོ་ནས་མགོ་འདོགས་བྱས་པ་བསྒྲགས་ཏེ་ལོ་ངོ81འཁོར་བའི་སྐབས་འདིར། འཇར་པན་གཞུང་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་བཙན་འཛུལ་བསླངས་པའི་དོན་དངོས་དེ་ཡོངས་བསྒྲགས་ཀྱི་སྒོ་ནས་ཁས་མ་བླངས་ཤིང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་གནོད་ཐེབས་མི་དམངས་ལ་སེམས་བསམ་པས་དགོངས་དག་མ་ཞུས་པ་དང་། རྒྱལ་ཁབ་རང་གི་རྩ་ཁྲིམས་ཀྱི་ཞི་བདེའི་དོན་ཚན་བརྩི་སྲུང་མ་བྱས་པར། དེ་ལས་ལྡོག་སྟེ་ཡང་བསྐྱར་དམག་དོན་ཅན་གྱི་ལམ་ཕྱོགས་སུ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཉིན་རེར་ཉེན་ཁའི་འོབས་སུ་ཚུད་ཀྱིན་ཡོད་ཟེར།

ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། འཇར་པན་གྱིས་རང་ངོས་ཀྱི་དམག་འཁྲུག་དུས་སྐབས་སུ་བཟོས་པའི་ཉེས་སྤྱོད་མེད་པར་བཟོ་འདོད་པ་དང་། ཞི་བདེའི་རྩ་ཁྲིམས་བཟོ་བཅོས་རྒྱག་པར་སྐུལ་འདེད་གཏོང་བ། དེ་བཞིན་ཉིང་རྡུལ་མེད་པའི་རྩ་དོན་གསུམ་ལ་ཡང་བསྐྱར་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱ་སྤྱོད་འདི་དག་ཚང་མ་ནི་ལོ་རྒྱུས་ཀྱི་དོན་དངོས་འཁྱོག་བཤད་བྱས་པའི་རྒྱབ་ལྗོངས་འོག་སྤེལ་བ་རེད་ཟེར།

ཀྲ་ཧ་ལོ་ཝ་ཡིས་བསྟན་དོན། འཇར་པན་གྱི་དབུ་བློན་ཀའོ་ཧྲི་ཙའོ་མུའོ་ཡིས་རྒྱལ་ཡོངས་ཀྱི་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་མཛད་སྒོའི་ཐོག་བཤད་པའི་གཏམ་དང་། ཅིན་ཀོ་ལྷ་ཁང་ལ་མཆོད་འབུལ་གྱི་གྲོན་དངུལ་སྟེར་བ་སོགས་བྱ་སྤྱོད་དང་། དེ་བཞིན་འཇར་པན་གྱི་འགོག་སྲུང་བློན་ཆེན་སོགས་ཆབ་སྲིད་མི་སྣ་མང་པོས་ཅིན་ཀོ་ལྷ་ཁང་ལ་གུས་མཇལ་བྱེད་པ་ཚང་མ་ནི་ཡང་བསྐྱར་དམག་དོན་ཅན་གྱི་ལམ་ཕྱོགས་ལག་ཏུ་བསྟར་བའི་མངོན་ཚུལ་རེད་ཟེར།