ཐི་ལང་ཕུའུ་ཡིས་ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱ་གཉིས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས།
ཁུངས། ཀློག་གྲངས།

ཚེས་བཞི་ཉིན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ར་སྤྲོད་བྱས་དོན། ཁོའི་ཆེད་བསྐོས་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་མག་པ་ཁོ་ཧྲི་ནཱ་གཉིས་ཨུ་རུ་སུ་དང་ཝུའུ་ཁི་ལན་ལ་འཚམས་འདྲིར་འགྲོ་རྒྱུ་ཡིན་ལ། དམག་འཁྲུག་མཇུག་བསྒྲིལ་རྒྱུའི་ཇུས་གཞི་ཞིག་ཀྱང་ཁྱེར་ཡོད་ཟེར། 

ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོའི་ནང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ“ངེས་པར་དུ་ཐག་གཅོད་བྱེད་དགོས”ཟེར། ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱ་གཉིས་མོ་སི་ཁོ་དང་ཅི་ཧྥུའུ་རུ་མངགས་ནས“ཅི་ཞིག་ལ་སྐུལ་འདེད་གཏོང་ཐུབ་མིན་ལ་བལྟ”བ་དང་། “གྲོས་མཐུན་འགོད་ཐུབ་ཀྱང་སྲིད”ཟེར། 

ཉིན་དེའི་སྔ་ཙམ་ལ། སྨྱན་སྦྱོར་མང་པོས་སྤེལ་བའི་གནས་ཚུལ་ལྟར་ན། ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱ་གཉིས་ཀྱིས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཨུ་རུ་སུ་དང་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་དེའི་རྗེས་སུ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བདེན་དཔང་བྱས་དོན། ཁོ་གཉིས་ཀྱིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་འཚམས་འདྲི་བྱས་རྗེས། ཚེས་དྲུག་ཉིན་གྱི་སྔོན་ལ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་ཡོང་རྒྱུ་ཡིན་པ་དང་། ཁོས་ད་དུང་བཤད་རྒྱུར། དེའི་སྐབས་སུ་ཝུའུ་ཁི་ལན་གྱིས་མཁའ་རྒོལ་བྱེད་མི་སྲིད་ལ། ཨུ་རུ་སུ་ཕྱོགས་ཀྱིས་ཀྱང་ངེས་པར་དུ་དེ་མཚུངས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར། 

ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ལཱ་ཐི་ཁི་ལེ་ཧྥུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ཨུ་རུ་སུ་ལ་གློ་བུར་དུ་འཚམས་འདྲི་བྱས་པ་དང་། ཐི་ལང་ཕུའུ་ཡིས་ཚེས་ཉེར་དྲུག་ཉིན་རླུང་འཕྲིན་ལེ་ཚན་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས། ལཱ་ཐི་ཁི་ལེ་ཧྥུའུ་འཚམས་འདྲིར་སོང་བ་དེ་ནི་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་གི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལྐོག་བརྡ་བཏང་། “ང་ཚོས་དམག་འཁྲུག་མཇུག་བསྒྲིལ་རྒྱུར་ཧུར་ཐག་སྒོས་སྐུལ་སྤེལ་གཏོང་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཀྱང་དམག་འཁྲུག་མཇུག་བསྒྲིལ་རྒྱུར་རེ་བ་བྱེད་ཀྱིན་ཡོད”ཟེར།