ཡེ་མིན་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་བར་གྱི་གདོང་ཐུག་ཛ་དྲག་ཏུ་གྱུར།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

    ཡེ་མིན་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་བར་ཡེ་མེན་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གདོང་ཐུག་ཛ་དྲག་ཏུ་གྱུར། ཕྱི་རྒྱལ་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ལྟར་ན། ཚེས4ཉིན་གྱི་ཚུན། ཐེངས་འདིའི་གདོང་ཐུག་ལས་མི129རྐྱེན་ལམ་དུ་ཤོར། ཡེ་མེན་སྲིད་གཞུང་དམག་གི་ཆ་འཕྲིན་མི་སྣས། ཡེ་མེན་སྲིད་གཞུང་དམག་གིས་ཉིན་དེར་དམག་འཐབ་གནམ་གྲུ་མངགས་ཏེ། ཧི་ཐའེ་ཏ་ཞིང་ཆེན་དང་ཐ་དབྱི་ཙེ་ཞིང་ཆེན་གྱི་ཧུའུ་སའེ་དྲག་ཆས་ཚོད་འཛིན་ཁུལ་ལ་བར་སྣང་འཇབ་རྒོལ་བྱས་ཞེས་བསྟན།

ཧུའུ་སའེ་དྲག་ཆས་ཀྱིས་ཡེ་མེན་མངའ་ཁོངས་ཀྱི་སོ་ཏི་ཨ་རབ་ཀྱི་དམག་དོན་དམིགས་འབེན་ལ་རྡུང་རྡེག་བཏང་ཚུལ་བཤད།

ཧུའུ་སའེ་དྲག་ཆས་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་ཐེབས་ཚུལ་ཁས་བླངས་པར་མ་ཟད། བར་སྣང་འཇབ་རྒོལ་དེ་ནི་སོ་ཏི་ཨ་རབ་ཀྱི་དམག་འཐབ་གནམ་གྲུས་བྱས་པ་རེད་ཅེས་བསྟན། སོ་ཏི་ཨ་རབ་ཀྱིས་གནས་སྐབས་སུ་དེར་ལན་མ་བཏབ། ཧུའུ་སའེ་དྲག་ཆས་ཀྱིས་འདིའི་སྔོན་བརྙན་ཐུང་སྤེལ་ཏེ། མི་མེད་གནམ་གྲུ་སྤྱད་ནས་ཡེ་མེན་མངའ་ཁོངས་སུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་དམག་དོན་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་ཅེས་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མིན་གདོང་ཐུག་གི་འབྲེལ་ཡོད་ཕྱོགས་གཉིས་ཀྱིས་ཚོད་འཛིན་བྱས་ནས་འཁྲུག་ལོང་ཞི་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚེས4ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མེན་གྱི་དུས་བབ་ཛ་དྲག་དེར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཚོད་འཛིན་བྱས་ནས། གདོང་ཐུག་ཇེ་སྡུག་ཏུ་གཏོང་བའི་འགུལ་སྐྱོད་སྤེལ་བར་འཛེམ་དོགས་བྱེད་པ་དང་། དུས་བབ་གང་མགྱོགས་ངང་ཞི་ལྷོད་དུ་འགོད་དགོས་པའི་འབོད་སྐུལ་བཏང་ཡོད་ཅེས་བསྟན།