ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པས་ངེས་པར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་འབྱུང་རྩ་ཡོད་ཚད་མེད་པར་གཏོང་དགོས་པ་ནན་བཤད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས6ཉིན་གྱི་ཞོགས་པར་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས5ཉིན་གྱི་དགོང་མོར་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་གཉིས་ལ་གྲོས་མོལ་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ངེས་པར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་འཁྲུག་རྩོད་ཀྱི་འབྱུང་རྩ་ཚང་མ་མེད་པར་གཏོང་དགོས་པ་ནན་བཤད་བྱས་ཡོད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། གྲོས་མོལ་དེ་དུས་ཚོད་གསུམ་དང་སྐར་མ་བཅུ་འགོར་བ་དང་། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ནང་དོན་མང་བོར་འབྲེལ་བ་དང་འཛུགས་སྐྲུན་རང་བཞིན་པར་མ་ཟད་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་བཞིན་ཡོད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཨུ་རུ་སིའི་དམག་དཔུང་གི་འཐབ་འཁྲུག་གྲུབ་འབྲས་མངོན་པར་བྱས་ཡོད་ལ། དངོས་ཡོད་ཀྱི་དམིགས་འབེན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་བཞིན་འདོད་ཡོད་པ་བསྐྱར་བསྒྲགས་བྱས། ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱ་གཉིས་ཀྱིས་ཁས་ལེན་བྱས་དོན། རྗེས་ཕྱོགས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཝུའུ་ཁི་ལན་བར་འབྲེལ་འདྲིས་བྱེད་པའི་འཕེལ་རིམ་ཁྲོད། ཕུའུ་ཅིན་གྱི་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་དང་དཔྱད་འཇོག་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་འདིའི་འཚམས་འདྲིར་གྲ་སྒྲིག་གང་ལེགས་བྱས་ཡོད་ཅིང་། དམག་དོན་འགུལ་སྐྱོད་མྱུར་དུ་མཇུག་སྒྲིལ་བར་རེ་བཞིན་ཡོད་པའི་ཚུལ་བསྟན་པར་མ་ཟད། ཞོར་དུ་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་སྤྱད་ཆོག་པའི་ཇུས་གཞི་རབ་དང་རིམ་པ་བཏོན་ཡོད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་དཔལ་འབྱོར་གནད་དོན་དང་ཨུ་རུ་སི་དང་ཨ་མེ་རི་ཁས་སྤེལ་སྲིད་པའི་གཉིས་ཕན་མཉམ་ལས་ཀྱི་ལས་གཞི་གལ་ཆེན་ལ་གྲོས་བསྡུར་ཞིབ་མོ་བྱས་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བལྟས་ན། ཐེངས་འདིའི་གྲོས་མོལ་དེ་དུས་དང་མཐུན་པའི་ཁར་ཕྱོགས་གཉིས་ལ་ཕན་ཐོགས་ཡོད་པར་འདོད། ཁོས་མཚམས་སྦྱོར་བྱས་དོན། ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱའི་བར་གྱི་འབྲེལ་ཡོད་བྱ་བའང་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།