
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས6ཉིན་ཅཱ་ཧྲ་མཁར་ནུབ་ཕྱོགས་ཀྱི་ཧྲ་ཐིས་ཡུལ་གྱར་བའི་སྒར་སར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི7ལ་རྨས་ཕོག་ཡོད་ཟེར།
ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ། དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་ཧྲ་ཐིས་ཡུལ་གྱར་བའི་སྒར་སའི་ནང་གི་ཨ་པུའུ་ཨ་ཞི་སློབ་གྲྭའི་ཉེ་འདབས་ཀྱི་ཕཱ་ལེ་སི་ཐན་མང་ཚོགས་ལ་འཕུར་མདའི་འཇབ་རྒོལ་བྱས་ཏེ། མི་འགར་རྨས་ཕོག་ཡོད་ཟེར།
འཕྲོད་བསྟེན་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བདེན་དཔང་བྱས་དོན། བསྡོམས་པས་རྨས་མ་བདུན་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
ཐེངས་འདིའི་འཇབ་རྒོལ་མ་བྱུང་བའི་ཡར་སྔོན་དུ། ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས5ཉིན་གྱི་ནམ་གུང་ནས་ཚེས6ཉིན་གྱི་ནམ་གུང་བར། ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་སོ་སོས་བསྡོམས་པས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྨས་ཕོག་པའི་མི་སྣ17ལ་གསོ་བཅོས་བྱེད་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།