
ཡེ་མིན་གྱི་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཐཱ་དབྱེ་ཙི་ཞིང་ཆེན་དང་ཧི་ཐེ་ཏཱ་ཞིང་ཆེན་དུ་འཁྲུག་རྩོད་བྱས་ནས་ཉིན་བཞི་འགོར་བ་དང་། ཕྱོགས་གཉིས་ཀྱི་སྨན་བཅོས་ཕྱོགས་ཀྱི་མི་སྣས་བཤད་པ་ལྟར་ན། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི117རྐྱེན་ལམ་དུ་ཤོར་ཡོད་ཟེར།
སྲིད་གཞུང་དམག་དཔུང་གི་རྗེས་དེད་པའི་ནུབ་ཕྱོགས་མཚོ་འགྲམ་གཡུལ་སའི་འགུལ་སྐྱོད་ལ་ཞུགས་པའི་མཐོ་རིམ་སྨན་བཅོས་དཔོན་པོ་ཞིག་གི་ཚེས6ཉིན་ཞིན་ཧྭ་གསར་འགོད་པར་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་ནི་ཚེས3ཉིན་བྱུང་བའི་ཚུན་ལ། སྲིད་གཞུང་དམག་དཔུང་གི་དམག་མི54རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། མིག་སྔའི་བར་དུ་འཐབ་འཁྲུག་མུ་མཐུད་དུ་ཛ་དྲག་ལ་འགྲོ་བཞིན་ཡོད་པ་དང་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་ཅི་ཡང་མེད། ཧི་ཐེ་ཏཱ་ཞིང་ཆེན་གྱི་ནུབ་ཕྱོགས་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་སྨན་ཁང་གི་སྨན་བཅོས་མི་སྣ་ཞིག་གིས་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་ཧུའུ་སེ་དྲག་ཆས་པའི་མི་སྣ63རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས6ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པའི་བར་གྱི་ཐཱ་དབྱེ་ཙི་ཞིང་ཆེན་ལྷོ་ནུབ་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་གྱི་འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་པར་མ་ཟད། ས་ཁུལ་རེ་འགར་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཕ་རོལ་བོ་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར་ཡང་། གསལ་སྒྲོག་ལས་ཤི་རྨས་ཐེབས་པའི་ཁ་གྲངས་ཁྱབ་བསྒྲགས་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།