འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱིས་ཤར་ཕྱོགས་མཚོ་ཁོངས་ནས་རང་དབང་གྲི་ཁ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱིས་ཚེས7ཉིན་ཤར་ཕྱོགས་མཚོ་ཁོངས་ནས་རང་དབང་གྲི་ཁ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཚེས11ཉིན་བར་མུ་མཐུད་དུ་སྤེལ་རྒྱུ་རེད། འབྲེལ་ཡོད་ཀྱི་གནས་ཚུལ་ལ་འཇར་པན་དམངས་ཁྲོད་ཀྱི་ཚོགས་པ་མང་བོས་ངོ་རྒོལ་བྱས།

འཇར་པན་འགོག་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཁྲོད། འཇར་པན་གྱིས་གྲིག་སི་ཏོན་གྲུ་གཟིངས་དང་སྐོར་གཡེང་གནམ་གྲུ་མངག་གཏོང་བྱས་པ་ལས་གཞན། རྒྱལ་ཁབ་གསུམ་གྱིས་གྲུ་གཟིངས་དང་འཐབ་འཛིང་གནམ་གྲུ་སོགས་སྒྲིག་ཆས་མངག་གཏོང་བྱས་ཡོད། མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལས་མཚོ་མཁའི་འཐབ་འཛིང་དང་། བར་སྣང་དང་དྲ་རྒྱ་སོགས་ལ་དམིགས་ཏེ་ཁྱབ་ཁོངས་མང་བོ་ནས་སྤེལ་བར་མ་ཟད། གཞི་གཅིག་ཅན་གྱི་མཁའ་སྲུང་འཕུར་མདའི་འགོག་རྒོལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཟེར།

འཇར་པན་རྒྱང་སྒྲོག་མཐུན་ཚོགས་ཀྱིས་བཤད་རྒྱུར། དེ་ནི་རྒྱལ་ཁབ་དེ་གསུམ་གྱིས་ཐེངས་བཞི་བར་རང་དབང་རལ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་པ་དང་། ཨ་མེ་རི་ཁ་དང་ཧན་གོས་ཟླ་སྔོན་མའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆུང་དུ་བཏང་ཡོད་ལ། རྒྱལ་ཁབ་དེ་གསུམ་གྱིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་བརྒྱུད་དེ་ཡང་བསྐྱར་ཕན་ཚུན་བར་གྱི་མཉམ་ལས་འབྲེལ་བ་གཏན་འཁེལ་བྱེད་པར་རེ་བཞིན་ཡོད་ཟེར།

ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་འཇར་པན་མང་ཚོགས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད།

ཚེས7ཉིན་གྱི་དགོང་མོར། འཇར་པན་དམངས་ཁྲོད་ཚོགས་པས་ཏུང་ཅིང་གི་རྒྱལ་སྲུང་པུའུ་ཡི་སྒོ་མདུན་དུ་ངོ་རྒོལ་བྱ་འགུལ་རྩ་འཛུགས་བྱས། ཚོགས་པ་དེས་གསལ་སྒྲོག་སྤེལ་ཏེ། རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་ལས་ཨེ་ཤ་ཡཱ་ཤར་མའི་དམག་དོན་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་བཏང་ཡོད་ལ། དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་འབྲེལ་ཡོད་འགུལ་སྐྱོད་ལ་ངོ་རྒོལ་བྱས་ཏེ། མཉམ་དུ་ཞི་བདེའི་ཨེ་ཤ་ཡཱ་ཤར་མ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།