བལ་བོའི་སྲིད་འཛིན་གྱིས་དམངས་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

བལ་བོའི་སྲིད་འཛིན་པའོ་ཏི་ཨར་གྱིས་ཚེས7ཉིན་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒྱལ་དམངས་ཡོངས་ཀྱིས་དཀའ་སྡུག་ཆེ་བའི་དུས་སུ་མཐུན་སྒྲིལ་གཅིག་གྱུར་བྱས་ནས། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཟླ8པའི་ཚེས26ཉིན། བལ་བོའི་མཐའ་མཚམས་ས་ཁུལ་དུ་འཁྱག་རོམ་ཉིལ་བ་ལས་འདམ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས། མིག་སྔའི་བར་དུ་བལ་བོའི་འདམ་རུད་ཀྱི་གནོད་འཚེ་ཐེབས་སའི་ས་ཁུལ་དུ་མི1355རྐྱེན་ལམ་དུ་ཤོར་བ་དང་། མི4996གར་སོང་རྙེད་མེད། ཐེངས་འདིའི་གནོད་འཚེ་ལས་ད་རུང་གཞུང་ལམ་དང་ཟམ་པ། ཆུ་གློག་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད།

པའོ་ཏི་ཨར་གྱིས་གཏམ་བཤད་སྤེལ་སྐབས་རྒྱལ་དམངས་ཀྱིས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ད་ལྟ་ནི་མི་རིགས་མཐུན་སྒྲིལ་དང་གོང་བུར་འདྲིལ་ཤུགས་མངོན་པའི་དུས་ཡིན་ལ། བསྐྱར་འཛུགས་དང་བསྐྱར་དར་བྱེད་པའི་དུས་ཀྱང་ཡིན་ཟེར།

པའོ་ཏི་ཨར་གྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས། ཁོས་ད་རུང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་ཕྱི་རྒྱལ་གྱི་སྤྱི་དམངས་དག་ལ་མྱ་ངན་བྱས་པ་དང་། བལ་བོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་བར་མཉམ་ལས་བྱས་ཏེ་འདས་མཆོད་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།

པའོ་ཏི་ཨར་གྱིས་ད་རུང་ཐེངས་འདིའི་གནོད་འཚེའི་ཁྲོད་རོགས་སྐྱོར་འདོན་སྤྲོད་བྱས་པའི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཀའ་དྲིན་ཞུས། ཁོས་བསྟན་དོན། བལ་བོ་ཛ་དྲག་གི་འགྲན་རྩོད་ལ་འཕྲད་པའི་དཀའ་སྡུག་གི་དུས་སྐབས་སུ། ཕྱོགས་སོ་སོས་མྱུར་མོར་རྒུད་སྐྱོབ་མི་སྣ་དང་ལག་རྩལ་ཆེད་མཁས་པ། སྨན་བཅོས་རུ་ཁག དགོས་ངེས་ཀྱི་སྒྲིག་ཆས་བཅས་འདོན་སྤྲོད་བྱས་ཏེ་རོགས་རམ་ཆེན་པོ་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།