
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས7ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་སོ་ཏི་ཨ་རབ་ནས་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་ཝ་ཏིས་ཀྱི་སོ་ཏི་ཨ་རབ་ཀྱི་དམག་དོན་རྟེན་གཞིར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་དམག་བཀོལ་དངོས་སྐྱེལ་རླངས་འཁོར་ལ་འཕུར་མདའི་འཇབ་རྒོལ་བྱས་ཟེར།
ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཉིན་དེར་འཇབ་རྒོལ་བྱས་རྗེས་ཀྱི་བརྙན་རིས་ཁྱབ་བསྒྲགས་བྱས་པ་དང་། ཐེངས་འདིའི་འཇབ་རྒོལ་ཁྲོད་རྩ་འཛུགས་དེས་རང་བདག་ཐོན་སྐྱེད་བྱས་པའི་འཕུར་མདའ་བཀོལ་སྤྱོད་བྱས་ཡོད་ཟེར། མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་སོགས་བསྒྲགས་མེད།
ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ཧུའུ་སེ་དྲག་ཆས་པར་དམིགས་པའི་བར་སྣང་འཇབ་རྒོལ་དང་གསང་མྱུལ་འཕུར་སྐྱོད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་བར་མ་ཟད། ཡེ་མིན་སྲིད་གཞུང་དམག་དཔུང་ལ་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་དམག་དོན་འགུལ་སྐྱོད་ལ་རྒོལ་ལན་སྤྲོད་སྲིད་པ་དང་། སོ་ཏི་ཨ་རབ་ཀྱིས་མཇུག་འབྲས་ལ་འགན་ཁུར་དགོས་པའི་ཉེན་བརྡ་བཏང་།
ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་སཱ་པཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཚེས7ཉིན་ཡེ་མིན་བྱང་ངོས་ཀྱི་ཅོ་ཧྥུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧཱ་ཙི་མུའུ་ཡི་བཙོན་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི7རྐྱེན་ལམ་དུ་ཤོར་བ་དང་། མི7ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།