
དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས7ཉིན་བསྒྲགས་པ་ལྟར་ན། ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ཉེ་འདབས་སུ་ཉིན་དེར་གྲི་བཟུང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། དབྱི་སི་རལ་གྱི་སྐྱེས་པ་ཞིག་ལ་རྨས་ལྗིད་མོ་ཕོག་པ་དང་། འཇབ་རྒོལ་མཁན་དེ་དབྱི་སི་རལ་གྱི་དམག་གིས་བསད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ནཱ་པུའུ་ལུའུ་གྲོང་ཁྱེར་ཉེ་འདབས་ཀྱི་ཁྲིམས་འགལ་གཏན་སྡོད་བྱེད་ས་ཞིག་ནས་བྱུང་བ་དང་། ཕཱ་ལེ་སི་ཐན་གྱི་མི་ཞིག་གིས་གྲི་བཟུང་ནས་དབྱི་སི་རལ་གྱི་མང་ཚོགས་ལ་འཇབ་རྒོལ་བྱས་རྗེས་བྲོས་བྱོལ་བྱས་པ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་དོན་རྐྱེན་བྱུང་སའི་གནས་སུ་དམག་མི་ཁ་སྣོན་བྱས་པ་དང་། ཉེ་འདབས་ཀྱི་གྲོང་སྡེ་མང་བོར་བཀག་སྡོམ་བྱས་ཏེ་རྗེས་འདེད་རྩད་གཅོད་བྱས་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། དམག་མིས་འཇབ་རྒོལ་མཁན་བསྡད་ཡོད་པའི་རླངས་འཁོར་རྙེད་པ་དང་། འཇབ་རྒོལ་མཁན་གྱིས་གྲི་བཟུང་ནས་དམག་མིར་འཇབ་རྒོལ་བྱེད་རྩིས་བྱས་པས་མེ་མདས་བརྒྱབ་ནས་བསད་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་དབྱི་སི་རལ་གྱི་སྐྱེས་པ་དེ་ལོ20ལྷག་ཡིན་པ་དང་། རྨས་སྐྱོན་ཚབས་ཆེན་ཡིན་པས། གྱེན་འཕུར་གནམ་གྲུ་བཀོལ་ནས་སྨན་ཁང་དུ་བསྐྱལ་ནས་གསོ་བྱེད་བཞིན་ཡོད་ཟེར།
ཉིན་དེའི་ཅུང་སྔ་བའི་དུས་སུ། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་བཤད་རྒྱུར། ལོ་ཉི་ཤུ་ཅན་གྱི་ཕཱ་ལེ་སི་ཐན་གྱི་སློབ་མ་ཞིག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཀའེ་ལེ་ཅི་ལེ་ཡེ་གྲོང་ཁྱེར་ཉེ་འདབས་སུ་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱིས་མེ་མདས་བརྒྱབ་ནས་བསད་པ་དང་། གཞན་ཡང་ཕཱ་ལེ་སི་ཐན་གྱི་མི་གཉིས་ལ་རྨས་ཕོག་ཡོད་ལ། དེ་ལས་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།