2026ལོའི་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འགྲེམ་སྟོན་ཚོགས་འདུ་མགོ་བརྩམས་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ལ་རོགས་འདེགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

2026ལོའི་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་ཟོང་རྟགས་འགྲེམ་སྟོན་ཚེས10ཉིན་མའོ་ཨར་པིན་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་སུ་མགོ་བརྩམས་པ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འགྲེམ་སྟོན་ལ་ཞུགས་པའི་ལས་ཁུངས་དང་ཁེ་ལས་ཀྱིས་མི་ཐབས་རིག་ནུས་དང་ལྷད་མེད་ནུས་ཁུངས། འཚོ་བའི་འཛད་སྤྱོད་དངོས་རྫས་སོགས་ཁྱབ་ཁོངས་གཙོར་བཟུང་ཡོད་ལ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས།

ཨོ་སི་ཁྲུ་ལི་ཡཱའི་ཝེ་ཏའོ་ལེ་ཡཱ་མངའ་སྡེའི་འགོ་ཁྲིད་ཅཱ་ཏི་ནཱ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཀྲུང་གོར་འཚམས་འདྲི་བྱས་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོར་རྒྱུན་རིང་བའི་ལོ་རྒྱུས་ལྡན་པ་དང་། དངོས་ཡོད་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ལ། གཟི་འོད་འབར་བའི་གསར་གཏོད་ནུས་པ་མངོན་བཞིན་ཡོད། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ལ་དུས་ཡུན་ཐུང་ངུའི་ནང་འཕར་སྣོན་ཆེན་པོ་བྱུང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དཔལ་འབྱོར་ཚོང་དོན་གཞུང་ཚབ་པ་ཀའོ་ཧྥུང་གིས་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མ་འོངས་པ་དེ་སྒོ་འབྱེད་དང་མཉམ་འདྲེས། གཉིས་ཕན་བཅས་སུ་བསྡུས་ཆོག ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་པ་དང་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་གསོ་སྤེལ་བྱས་ཏེ། རང་རང་གི་ཁྱད་སྟོབས་དེ་ཕན་ཚུན་གྱི་འཕེལ་རྒྱས་གོ་སྐབས་སུ་བསྒྱུར་དགོས་ཟེར།

ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འགྲེམ་སྟོན་ཚོགས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཨོ་སི་ཁྲུ་ལི་ཡཱའི་སྔོན་ཆད་ཀྱི་ཉོ་ཚོང་དང་དངུལ་གཏོང་པུའུ་ཀྲང་ཨན་ཏི་ལུའུ་ལོ་པུའུ་ཡིས་བཤད་རྒྱུར། ཁོས་ཉེ་ལམ་ཐེངས་མང་བོར་ཀྲུང་གོར་འཚམས་འདྲི་བྱས་པ་དང་། ཀྲུང་གོའི་ཚན་རྩལ་ལ་ཁྱབ་ཁོངས་མང་བོ་ནས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྲུང་གོའི་མཐོ་གསར་ལག་རྩལ་དེ་ཨོ་སི་ཁྲུ་ལི་ཡཱའི་ཞིང་ལས་དང་ནུས་ཁུངས་གསར་བ། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་གཙོར་འཛིན་པར་རེ་བཞིན་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འགྲེམ་སྟོན་ཚོགས་ཆེན་ལ་ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་སྤྱིའི་ཚོང་ཚོགས་དང་ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་བཟོ་ཚོང་ལས་རིགས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་བར་ཤུགས་རྐྱེན་ཧ་ཅང་ཆེ་བའི་དཔལ་འབྱོར་ཉོ་ཚོང་ཁྱབ་གདལ་གྱི་སྟེགས་བུ་ཞིག་རེད། སྐབས་འདིའི་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འགྲེམ་སྟོན་ཚོགས་ཆེན་ནས་ཟླ9བའི་ཚེས10ཉིན་ནས་ཚེས12ཉིན་བར་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་ཀྱི་ཟོང་རྟགས་འགྲེམ་སྟོན་ཡང་མཉམ་དུ་སྤེལ་རྒྱུ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།