མཱ་ལེ་ཞི་ཡཱ་ཡིས་ཕཱ་ལེ་སི་ཐན་གྱི་མི་བཙན་གྱིས་ཅཱ་ཧྲ་དང་འབྲལ་དུ་འཇུག་པའི་འབྲེལ་ཡོད་གཏམ་བཤད་ལ་རྒོལ་གཏམ་དྲག་པོ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཱ་ལེ་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་སྲིད་གཞུང་དཔོན་རིགས་ཀྱིས་ཉེ་སྔོན་སྤེལ་བའི་ཕཱ་ལེ་སི་ཐན་གྱི་མི་བཙན་གྱིས་ཅཱ་ཧྲ་དང་འབྲལ་དུ་འཇུག་པའི་འབྲེལ་ཡོད་གཏམ་བཤད་དང་། དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མིར་དྲག་ཤུགས་བྱ་སྤྱོད་རབ་དང་རིམ་པ་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། མཱ་ལེ་ཞི་ཡཱ་ཡིས་ཕཱ་ལེ་སི་ཐན་གྱི་མི་བཙན་གྱིས་རང་ཁྱིམ་དང་འབྲལ་དུ་འཇུག་པའམ་ཡང་ན་ས་ཁུལ་གཞན་པར་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། དབྱི་སི་རལ་གྱི་གཏན་སྡོད་མཁན་གྱིས་གང་འདོད་དུ་ཕཱ་ལེ་སི་ཐན་གྱི་མི་དམར་གསོད་བཏང་བ་དང་འཇིགས་སྐུལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མིའི་རྒྱུ་ནོར་གནོད་བསྐྱལ་ནས་བཙན་གྱིས་གནས་དེ་དང་ཁ་འབྲལ་དུ་འཇུག་བཞིན་ཡོད། བྱ་སྤྱོད་དེ་རིགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་རྒྱབ་འགལ་དུ་སོང་ཡོད་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་ནི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་ས་ཁུལ་གྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་གྲངས་དང་མངའ་ཁོངས་གྲུབ་ཚུལ་ལ་བཅོས་བསྒྱུར་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད། མཱ་ལེ་ཞི་ཡཱ་ཡིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས1967ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་པིན་ཀི་ཝེ་ཨར་དང་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་གཉིས་ཀྱིས་ཉེ་སྔོན་ཕཱ་ལེ་སི་ཐན་གྱི་མི་རྣམས་ཅཱ་ཧྲ་ས་ཁུལ་དང་ཁ་འབྲལ་དུ་འཇུག་པའི་སྐོར་གྱི་གཏམ་བཤད་སྤེལ་བར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།