ཁཱ་ནཱ་ཏཱ་དང་ཝུའུ་ཁི་ལན་གྱིས་མཉམ་ལས་བྱས་ཏེ་དམག་བཀོལ་མི་མེད་གནམ་གྲུའི་ཐོན་སྐྱེད་ཚད་ཇེ་མང་དུ་གཏོང་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁཱ་ནཱ་ཏཱའི་ཙུང་ལི་ཁཱ་ནེ་ཡིས་ཚེས10ཉིན་ཨེ་པའོ་ཐཱ་ཞིང་ཆེན་གྱི་ཁཱ་ཨར་ཅཱ་ལི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་དམག་བཀོལ་མི་མེད་གནམ་གྲུའི་ཐོན་སྐྱེད་ཚད་ཇེ་མང་དུ་གཏོང་རྒྱུ་ཐག་བཅད་ཡོད་པར་མ་ཟད། གྲོས་མཐུན་གསར་བ་རབ་དང་རིམ་པ་བཀོད་པ་ཁྱབ་བསྒྲགས་བྱས།

ཁཱ་ནཱ་ཏཱའི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསར་འགྱུར་མ་ཡིག་ལྟར་ན། ཁཱ་ནཱ་ཏཱ་ཡིས་དམག་བཀོལ་མི་མེད་གནམ་གྲུའི་རྒྱལ་ཡོངས་རང་བཞིན་གྱི་གཞི་གྲངས་སྟེགས་བུ་ཞིག་བཙུགས་ཏེ། ཝུའུ་ཁི་ལན་གྱི་དཔའ་སྤོབས་དང་པོ་ཞེས་པའི་མི་མེད་གནམ་གྲུའི་སྟེགས་བུ་གཞིར་བཟུང་ཐོག་མི་མེད་གནམ་གྲུ་དང་མི་མེད་གནམ་གྲུ་རྒོལ་བའི་མ་ལག་གི་ཞིབ་འཇུག་གསར་སྤེལ་དང་ཉོ་སྡུད། བཀོད་སྒྲིག་བཅས་ཀྱི་ལས་རིམ་ཇེ་མགྱོགས་སུ་བཏང་སྟེ། ཁཱ་ནཱ་ཏཱའི་དམག་དཔུང་དང་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་སྒྲིག་ཆས་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་ཡིན། ཁཱ་ནཱ་ཏཱའི་ཕྱོགས་ཀྱིས་རིན་ཐང་ཁཱ་ནཱ་ཏཱའི་སྒོར་མོ་བྱེ་བ་ལྔ་ཡིན་པའི་ཉོ་བསྡུའི་གན་རྒྱ་ཐོག་མ་བཀོད་ཡོད་པ་རེད།

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ཁཱ་ནཱ་ཏཱ་དང་ཝུའུ་ཁི་ལན་གྱི་ལོ་བརྒྱའི་གྲོགས་པོའི་འབྲེལ་བའི་བསྒྲགས་གཏམ་དང་རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་མཉམ་འབྲེལ་བསྒྲགས་གཏམ་བཀོད་ཡོད། ཁཱ་ནཱ་ཏཱའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་འཆར་གཞི་མང་བོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཝུའུ་ཁི་ལན་གྱི་མཁའ་སྲུང་མ་ལག་ཉོ་བསྡུ་བྱེད་པ་དང་། ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་སྲུང་སྐྱོབ་དང་བསྐྱར་འཛུགས་བྱེད་པ། ཝུའུ་ཁི་ལན་ལ་རོགས་བྱས་ནས་གནད་འགག་གི་གཏེར་ཁའི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་སོགས་འདུས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།