མཱ་ལིའི་དམག་ཕྱོགས་ཀྱིས་ཟླ་བརྒྱད་པར་འཇིགས་སྐུལ་ཉེས་ཅན་སྟོང་ཕྲག་ཙམ་བསད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཱ་ལིའི་དམག་ཕྱོགས་ཀྱིས་ཚེས10ཉིན་བཤད་རྒྱུར། ད་ལོའི་ཟླ་བརྒྱད་པར། མཱ་ལིའི་དྲག་ཆས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་འཐབ་ཁུལ་མང་བོ་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་སྟོང་ཕྲག་ཙམ་བསད་ཡོད་ཟེར།

མཱ་ལིའི་དྲག་ཆས་དམག་དཔུང་གི་གསར་འགྱུར་དང་སྤྱི་བའི་འབྲེལ་བའི་ལས་དོན་ཁང་གི་འགོ་བ་མཱ་དབྱེ་ཅཱ་ཡིསི་ཉིན་དེར་རྒྱལ་ས་པཱ་མཱ་ཁི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ལིའི་མཁའ་དམག་གིས་ཟླ་བརྒྱད་པར་བར་སྣང་ཆམ་ཕབ་ཐེངས214ལག་བསྟར་བྱས་ཏེ། འཇིགས་སྐུལ་རྩ་འཛུགས་ཀྱི་རྟེན་གཞི50དང་། འཕྲུལ་རྟ564དང་གཞུག་སྒམ་ཅན་གྱི་རླངས་འཁོར129བཅས་ལ་གཏོར་བཤིག་བཏང་། མཱ་ལིའི་དམག་ཕྱོགས་ཀྱིས་ད་རུང་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་གཏོར་བ་དང་། འཇིགས་སྐུལ་ཉེས་ཅན་གྱིས་བཙན་བཟུང་བྱས་པའི་གསེར་གཏེར་ཅིག་ཕྱིར་འཕྲོག་ཡོད་ཟེར།

2012ལོའི་ཚུན་ལ། མཱ་ལིའི་བདེ་འཇགས་གནས་བབ་ཟང་ཟིང་དུ་གྱུར་བ་དང་། འཇིགས་སྐུལ་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད། རིགས་རྒྱུད་ཀྱི་དྲག་ཤུགས་དོན་རྐྱེན་མང་དུ་བྱུང་། ཉེ་བའི་ལོ་འགའི་རིང་ལ། མཱ་ལིའི་དམག་ཕྱོགས་ཀྱིས་ཐེངས་མང་བོར་རང་གི་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་དང་དྲག་ཆས་ཚོགས་ཁག་ལ་བསྟུད་མར་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།