ཐེ་གོ་དང་ཁམ་ཕུ་ཀྲེ་ཡིས་མཚོ་ཐོག་རྩེད་གླེང་གི་རྒྱལ་སྤྱིའི་འདུམ་འགྲིག་གྲོས་ཚོགས་ཐོག་མ་མཇུག་སྒྲིལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཐེ་གོ་དང་ཁམ་ཕུ་ཀྲེ་ཡིས་ཚེས16ཉིན་སིང་ག་ཕོར་ནས་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཚོ་ཁོངས་གནད་དོན་མང་བོར་དམིགས་པའི་རྒྱལ་སྤྱིའི་འདུམ་འགྲིག་གྲོས་ཚོགས་ཐོག་མ་མཇུག་སྒྲིལ།

ཐེངས་འདིའི་འདུམ་འགྲིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་གཞིར་བཟུང་ནས་སྤེལ་བ་དང་། བཀག་སྡོམ་རང་བཞིན་མིན་པའི་ལས་རིམ་ཞིག་ཡིན་ལ། དབུས་གནས་ཀྱི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ལ་རོགས་རམ་བྱས་ཏེ་མཛའ་མཐུན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་པ་རེད།

ཚེས15ཉིན་བསྒྲགས་པ་ལྟར་ན། ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་པུའུ་ལཱ་སོ་ཁུང་གིས་བཤད་རྒྱུར། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཐེ་གོའི་བར་ཆིངས་ཡིག་འགོད་པར་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་གཅིག་གྱུར་དང་རིགས་སྣ་ཚོགས་ཀྱི་ཁེ་ཕན་ལ་འཚམ་པའི་མཚོ་ཐོག་རྒྱལ་མཚམས་ཤིག་གཏན་འཁེལ་བྱེད་དགོས་ཟེར།

ཐེ་གོའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཞི་ཧཱ་སཱ་ཡིས་བཤད་རྒྱུར། ཐེ་གོ་ཕྱོགས་ཀྱིས་མཚོ་ཐོག་ནས་རྒྱལ་མཚམས་གཏན་འཁེལ་བྱེད་པའི་གནད་དོན་གྱི་ཐག་གཅོད་ཇུས་གཞི་འཚོལ་བྱེད་པར་དམིགས་ཡོད་ལ། ཐེངས་འདིའི་འདུམ་འགྲིག་དེ་ཐེ་གོ་དང་ཁམ་ཕུ་ཀྲེ་ཡི་ཐེ་གོའི་མཚོ་ཁུགས་ཀྱི་མཚོ་ཐོག་རྒྱལ་མཚམས་དགར་བའི་གནད་དོན་ལ་འབྲེལ་ཡོད་པ་ཙམ་མ་གཏོགས། སྐམ་སའི་མངའ་ཁོངས་བདག་དབང་ལ་འབྲེལ་བ་མེད་ཟེར།

ཐེ་གོའི་ཕྱི་འབྲེལ་པུའུ་ཡིས་དེའི་སྔོན་བསྟན་དོན། ཚོད་དཔག་བྱས་ན་འདུམ་འགྲིག་གི་ལས་རིམ་ཧྲིལ་བོ་ཟླ་ངོ12ལ་རྒྱུན་བསྲིང་སྲིད། དེའི་རྗེས་སུ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་སྡོམ་ཚིག་དང་གྲོས་གཞི་སོགས་འདུ་དགོས། ཡིན་ཡང་སྡོམ་ཚིག་དང་གྲོས་གཞི་དེ་དག་ཕྱོགས་གཉིས་ལ་ཚད་བཀག་གི་ནུས་པ་ཡོད་མི་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།