ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པས་ཀྲུང་གོའི་བར་གྱི་མཉམ་ལས་ནི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་གདམ་གསེས་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་ཨ་ཁུང་པེ་ཁི་ཧྥུའུ་ཡིས་ཚེས15ཉིན་བཤད་རྒྱུར། ཀྲུང་གོ་ནི་ཅིར་ཅི་སི་སི་ཐན་གྱི་ཁྱིམ་མཚེས་རྒྱལ་ཁབ་བཟང་བོ་དང་མཛའ་མཐུན་གྲོགས་པོ། ཉོ་ཚོང་དངུལ་གཏོང་གི་གྲོགས་པོ་གཙོ་བོ་ཡིན་ལ། ཀྲུང་གོའི་བར་གྱི་མཉམ་ལས་འཕེལ་རྒྱས་གཏོང་བ་ནི་ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་གདམ་གསེས་གལ་ཆེན་ཡིན་ཟེར།

ཨ་ཁུང་པེ་ཁི་ཧྥུའུ་ཉིན་དེར་རྒྱལ་ས་པུས་ཧྲི་ཁེ་ཁི་ནས་ཅིར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ77འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་ཏེ་ཞུ་ཚིག་ཕུལ། ཁོས་བཤད་རྒྱུར། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་དེང་རབས་ཅན་གྱི་ལམ་དུ་བསྐྱོད་བཞིན་ཡོད་ཅིང་། རྒྱུན་ཆད་མེད་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད་འཕེལ་རྒྱས་བཏང་སྟེ། འཕར་སྣོན་གྱི་སྒུལ་ཤུགས་གསར་བ་གསར་གཏོད་བྱས་ཡོད་ཟེར།

ཨ་ཁུང་པེ་ཁི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་ཅིར་ཅི་སི་སི་ཐན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་དོན་འཚམས་འདྲི་མཛད་དེ། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད། འཚམས་འདྲིའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་དུས་གཏན་གྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་དང་དེ་མིན་དཔལ་འབྱོར་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ30ལྷག་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་ཡོད་ཟེར།

ཅིར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིའུ་ཅང་ཕིང་གིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འགོར་བ་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ77འགོར་བའི་རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོས་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་ལག་བསྟར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་ཏེ་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།