
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས16ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྶ་པ་དང་། འཇབ་རྒོལ་བྱེད་སའི་དམིགས་ཡུལ་ནི་སོ་ཏི་ཨ་རབ་ནུབ་ཕྱོགས་ཀྱི་རྡོ་སྣུམ་ཀུང་ཟི་ཞིག་གི་སྒྲིག་ཆས་དང་། དེ་མིན་སོ་ཏི་ཨ་རབ་ལྷོ་ནུབ་ཕྱོགས་ཀྱི་མཁའ་དམག་རྟེན་གཞི་ཞིག་ཡིན་ཟེར།
ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཉིན་དེར་རྩ་འཛུགས་དེའི་དམག་དོན་མགྲིན་ཚབ་པ་སཱ་ལོས་ཡཱ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འཕུར་མདའ་དང་མི་མེད་གནམ་གྲུ་བཅུ་ཕྲག་འགའ་བཀོལ་ནས་སོ་ཏི་ཨ་རབ་ནུབ་ཕྱོགས་ཀྱི་ཡན་པུའུ་གྲོང་ཁྱེར་གྱི་སོ་ཏི་ཨ་རབ་ཀྱི་ཨ་མེ་རྡོ་སྣུམ་ཀུང་ཟིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་འཕུར་མདའ་འགའ་བཀོལ་ནས་སོ་ཏི་ཨ་རབ་ལྷོ་ནུབ་ཕྱོགས་ཀྱི་ཡེ་མིན་གྱི་རྒྱལ་མཚམས་དང་ཉེ་བའི་ཨ་ཞི་ཨར་ས་ཁུལ་གྱི་ཧེ་མུས་སི་མུའུ་ཞེ་ཐི་ཡི་མཁའ་དམག་རྟེན་གཞི་ཞིག་ལ་གནད་ལ་འཁེལ་བའི་ཆམ་ཕབ་བཏང་ཡོད་ཟེར།
སཱ་ལོས་ཡཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་བར་སྣང་འཇབ་རྒོལ་མཚམས་བཞག་སྟེ་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་རག་བར་དུ། རྩ་འཛུགས་དེས་མུ་མཐུད་དུ་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་འཇབ་རྒོལ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
སོ་ཏི་ཨ་རབ་ཕྱོགས་ཀྱིས་མིག་སྔར་ད་རུང་གནད་དོན་དེའི་ཐད་ནས་རྣམ་འགྱུར་གང་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།