
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས23ཉིན་གནས་ཚུལ་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཉིག་ཡའོ་ནས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་གྲོས་ཚོགས་གཟའ་འཁོར་གྱི་སྐབས་སུ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཁུ་པཱའི་ལུགས་མཐུན་རེ་འདུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་ཡོངས་ནས་ཁུ་པཱའི་ཉོ་ཚོང་དང་དཔལ་འབྱོར། དངུལ་ལོར། ནུས་ཁུངས་བཅས་ཐད་ཀྱི་བཀག་སྡོམ་མྱུར་མོར་མེད་པར་གཏོང་དགོས་པའི་རེ་བ་བཏོན་ཡོད།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་མཉམ་ལས་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། མུ་མཐུད་དུ་རྒྱལ་སྤྱིའི་སྟེགས་བུར་ལངས་ཕྱོགས་མཐུན་སྦྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིར་བརྟེན་ནས་རོགས་ལས་བྱེད་དགོས་པའི་གྲོས་ཐག་བཅད་ཡོད། ཕྱོགས་གཉིས་ཀྱིས་ཁས་ལེན་བྱས་དོན། མུ་མཐུད་དུ་ཨུ་རུ་སི་དང་ཁུ་པཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་བོ་དང་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། སྔར་ལས་འདྲ་མཉམ་གྱི་སྣེ་མང་འཛམ་གླིང་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།