
ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཡིས་ཚེས23ཉིན་རྒྱལ་ས་ཅིན་པེན་ནས་བསྟན་དོན། གློག་འཕྲིན་མགོ་སྐོར་ནི་རྒྱལ་ཁོངས་བརྒལ་བའི་གནད་དོན་ཅིག་ཡིན་པ་དང་། ཁམ་ཕུ་ཀྲེ་ཡིས་ཁེར་རྐྱང་དུ་རྒྱལ་ཁོངས་བརྒལ་བའི་ནག་ཉེས་དེ་རྩ་བ་ནས་མེད་པར་བཟོ་ཐབས་མེད་པས། རྒྱུན་མཐུད་ཀྱི་རྒྱལ་སྤྱིའི་མཉམ་ལས་དེ་འགྲན་རྩོད་དེ་ལས་རྣམ་པར་རྒྱལ་བར་གལ་འགངས་ཧ་ཅང་ཆེ་ཟེར།
ཧོང་མཱ་ནེ་ཡིས་ཅིན་པེན་ནས་བསྡུས་པའི་གློག་འཕྲིན་མགོ་སྐོར་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། གྲོས་ཚོགས་དེའི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་ཁྲིམས་བསྟར་ལག་ལེན་མཉམ་སྤྱོད་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་འཇིགས་ཉེན་དེ་ཐག་གཅོད་བྱེད་ཆེད་རེད།
ཧོང་མཱ་ནེ་ཡིས་གཏམ་བཤད་གལ་ཆེན་སྤེལ་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕན་ཚུན་སྐྱོན་འཛུགས་བྱེད་པ་དང་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བ། ཕྱོགས་གཅིག་ནས་བྱེད་ཐབས་དྲག་པོ་སྤྱོད་པ་བཅས་ལ་ངོ་རྒོལ་བྱེད་དགོས། བྱ་སྤྱོད་དེ་དག་གིས་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་སྐྱེལ་སྲིད་པ་དང་། རྙོག་འཛིང་ཆེ་བའི་དྲ་རྒྱའི་ནག་ཉེས་ཐག་གཅོད་བྱེད་པར་མཁོ་བའི་ཐུན་མོང་གི་མཐུན་སྒྲིལ་རྩ་ནས་བརླག་སྲིད་ཟེར།
ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་སྐབས་སུ། འཐུས་མི་ཚོ་ཆེད་དོན་གྲོས་བསྡུར་མང་བོར་ཞུགས་རྒྱུ་ཡིན་པ་དང་། དེའི་གྲོས་གཞི་ནང་དོན་ནི་གློག་འཕྲིན་མགོ་སྐོར་དེ་གོ་ལ་ཧྲིལ་བོའི་བྲེལ་མྱུར་རྣམ་པར་མཐོང་བ་དང་། གློག་འཕྲིན་མགོ་སྐོར་ལ་དམིགས་པའི་ས་ཁུལ་དང་གོ་ལ་ཧྲིལ་བོའི་ཐག་གཅོད་བྱེད་ཐབས། ལག་རྩལ་བྱེད་ཐབས། སྔོན་འགོག་རྐྱེན་སྲོལ། རྒྱལ་ཁབ་སོ་སོས་མགོ་སྐོར་ལ་ཆམ་ཕབ་གཏོང་བའི་བྱ་བ་སོགས་ལ་འབྲེལ་ཡོད།
གྲོས་ཚོགས་དེ་ནི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་དུག་འགོག་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་ཨེ་ཤ་ཡཱ་ཤར་ལྷོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དོན་གཅོད་ཁང། དེ་མིན་རྫ་ཆུའམ་མེ་ཀུང་གཙང་བོའི་ཕྱོགས་བསྡུས་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ལག་རྡང་སྦྲེལ་ནས་འགུལ་སྐྱོད་སྤེལ་བ་དང་གློག་འཕྲིན་མགོ་སྐོར་རྩ་བ་ནས་མེད་པར་གཏོང་བ་བརྗོད་སྙིང་དུ་བྱས་ཡོད་ལ། རྒྱལ་ཁབ་ཉི་ཤུ་ལྷག་གི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས། དངུལ་ལོར་ལས་ཁུངས། ཚན་རྩལ་ཀུང་ཟི། ཞིབ་འཇུག་ལས་ཁུངས་བཅས་ནས་ཡོང་བའི་འཐུས་མི་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།