
ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་འཐབ་ཇུས་ལས་རིགས་ཀྱི་གྲོས་མོལ་ཚོགས་འདུ་ཐོག་མ་ཚེས21ཉིན་ནས་ཚེས22ཉིན་བར་ཧིན་རྡུ་ཉི་ཞི་ཡཱའི་རི་ནོའུ་རུ་སྤེལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་རིག་མཛོད་ཁང་མཐོ་རིམ་སློབ་གྲྭ། བཟོ་ཚོང་ལས་རིགས་བཅས་ནས་ཡོང་བའི་ཆེད་མཁས་པ50ཙམ་ཚོགས་འདུར་ཡོད་ལ། ཧིན་རྡུ་ཉི་ཞིཡཱའི་ཕྱི་འབྲེལ་པུའུ་དང་ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཐུས་མི་གྲོས་མོལ་ཚོགས་འདུར་ཞུགས།
ཐེངས་འདིའི་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་དང་ཧིན་རྡུ་ཉི་ཞི་ཡཱའི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་སྤེལ་བ་རེད། ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲིན་པའོ་དང་ཧིན་རྡུ་ཉི་ཞི་ཡཱའི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་མཉམ་འབྲེལ་སྲོལ་འབྱེད་པ་ཝ་ནན་ཏིས་གཉིས་ཀྱིས་སོ་སོར་ཞུ་ཚིག་ཕུལ།
ཚོགས་ཞུགས་ཆེད་མཁས་པ་དག་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མིག་སྔའི་རྒྱལ་སྤྱིའི་སྒྲིག་ལམ་གྱི་འཕེལ་འགྱུར་དང་གོ་ལ་ཧྲིལ་བོའི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ནས་བརྗེ་རེས་བྱས་པར་མ་ཟད། གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་གཉིས་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་འབྲེལ་འདྲིས་དང་གྲོས་མོལ་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་དང་། སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་དོན་སྙིང་གལ་ཆེན་ལདན་ཟེར།
ཀྲུང་གོ་ཕྱོགས་ཀྱི་ཚོགས་ཞུགས་འཐུས་མི། ཀྲུང་གོའི་མི་དམངས་ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲོའུ་ཕིང་ཅན་གྱིས་བསྟན་དོན། ཐེངས་འདིའི་གྲོས་མོལ་ཁྲོད་ཕྱོགས་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གྲོས་གཞིར་དམིགས་ནས་གཏིང་ཟབ་ཏུ་བརྗེ་རེས་བྱས་ཡོད་ལ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ཡོད་པར་མ་ཟད་རིན་ཐང་ཡོད་པའི་ཐུན་མོང་ལྟ་ཚུལ་མང་བོ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།