
ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་ཨེ་ལི་ཧྲི་ཕོ་བྲང་གིས་ཚེས2ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ནུས་ཁུངས་ཧྲུའུ་ཡིས་འཐབ་ཇུས་གསོག་འཇོག་རྡོ་སྣུམ་ཟོ་དུང་ཕྱུར་གཅིག་ཕྱིར་གཏོང་བྱ་རྒྱུར་ཆོག་མཆན་བཀོད་དེ། རྒྱལ་སྤྱིའི་ནུས་ཁུངས་ཚོང་རའི་གནོན་ཤུགས་སེལ་རྒྱུ་རེད། འབྲེལ་ཡོད་འགུལ་སྐྱོད་དེ་མྱུར་དུ་འགོ་རྩོམ་རྒྱུ་མ་ཟད་ཟླ་བཞིའི་རིང་རྒྱུན་མཐུད་རྒྱུ་ཡིན་པ་མ་ཟད། ཐོག་མའི་ཉིན20རིང་གསོག་འཇོག་ཁྲའེ་སྣུམ་འབོར་ཆེན་གཅིག་སྡུས་སྒོས་ཕྱིར་གཏོང་རྒྱུ་རེད།
ཉེ་ལམ། ཨ་རི་དང་ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོས་ཁྲའེ་སྣུམ་དང་རྡོ་སྣུམ་གྱི་རིན་གོང་ཟིན་ཐོ་གསར་བར་སྤར། གོང་གསལ་གྱི་གསལ་བསྒྲགས་དེ་ཧྥ་རན་སིའི་སྲིད་འཛིན་མ་ཁི་ལུང་གིས་ཉིན་དེར་བསྡུས་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་སྤེལ་བའི་བརྙན་རིས་གྲོས་ཚོགས་ཀྱི་རྗེས་སུ་ཁྱབ་བསྒྲགས་བྱས་པ་རེད།
གསལ་བསྒྲགས་ལས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཁོངས་ཞུགས་རྒྱལ་ཁབ་མཐུན་སྦྱོར་སྒོས་སྣུམ་འདོན་བཟོ་གྲྭས་ཞིབ་བཤེར་ཞིག་གསོ་བྱེད་རྒྱུར་བཀོད་སྒྲིག་བྱས་ཏེ། ཐུན་མོང་ཐོན་མཚམས་འཇོག་པར་གཡོལ་ཞིང་། གནས་ཚུལ་དང་བསྟུན་ནས་སྣུམ་འདོན་སྒྲིག་ཆས་བེད་སྤྱོད་ཚད་ཇེ་མཐོར་གཏོང་དགོས་ཟེར། དུས་མཉམ་དུ། སྣུམ་འདོན་ནུས་པ་ཅུང་ཆེ་བའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། གོ་ལ་ཧྲིལ་བོའི་གྲུབ་སྣུམ་དང་ལྷག་པར་དུ་ཁྲའེ་སྣུམ་མཁོ་འདོན་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར། གསལ་བསྒྲགས་ལས་བསྐྱར་སྒྲོག་བྱས་དོན། ཁོངས་ཞུགས་རྒྱལ་ཁབ་བར་དུ་ནུས་ཁུངས་དང་ནུས་ཁུངས་ཐོན་རྫས་ཕྱིར་གཏོང་ཐད་བཀག་འགོག་གི་བྱེད་ཐབས་སྤྱོད་པར་གཡོལ་དགོས་ཤིང་། ནུས་ཁུངས་ཐོན་སྐྱེད་ཚོང་བ་ཡོད་ཚད་ཀྱིས་ཚོང་རའི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་སྲིད་པའི་ཕྱིར་གཏོང་བཀག་རྒྱ་ལག་བསྟར་བྱེད་པར་གཡོལ་ཐབས་བྱེད་དགོས་ཞེས་འབོད་སྐུལ་བཏང་།
མ་ཁི་ལུང་གིས་གྲོས་ཚོགས་རྗེས་སུ་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་བར་ཐུན་མོང་ངོས་འཛིན་བྱུང་ཡོད་ཅིང་། འགུལ་སྐྱོད་སྤེལ་ནས་སྣུམ་འདོན་ཁེ་སྤོགས་བར་སྟོང་ཇེ་ཆུང་དུ་གཏོང་རྒྱུ་མ་ཟད་སྐྱེལ་འདྲེན་གྱི་མ་རྩ་ཇེ་དམའ་རུ་གཏོང་རྒྱུ་ཡིན། ཐག་གཅོད་འདི་དག་ལས་འབར་སྣུམ་གྱི་རིན་གོང་ཇེ་དམའ་རུ་གཏོང་ཐུབ་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།