དབྱི་ལང་གི་སྲིད་འཛིན་གྱིས་དམ་བཅར་རྒྱབ་འགལ་བྱེད་མཁན་གྱི་དགྲ་བོར་གྲོས་མོལ་བྱེད་དོན་མེད་པ་བསྟན། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

དབྱི་ལང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས5ཉིན་བསྟན་དོན། ནམ་རྒྱུན་གནོན་ཤུགས་སྦྱིན་པ་དང་བཀག་སྡོམ་བྱེད་པ། ཡང་དང་བསྐྱར་དུ་དམ་བཅར་རྒྱབ་འགལ་བྱེད་མཁན་གྱི་དགྲ་བོར་གྲོས་མོལ་བྱས་ན་དོན་སྙིང་ཅི་ཡང་མེད་ཟེར།

དབྱི་ལང་སྲིད་འཛིན་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཕའེ་ཙི་ཞི་ཆི་དབྱང་གིས་ཉིན་དེར་དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་དུ་འཚམས་འདྲིར་ཡོང་བའི་ཡཱ་མི་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་མའེ་འར་ཙུའོ་དབྱང་དང་ཐུག་འཕྲད་བྱེད་སྐབས་གོང་གི་གཏམ་བརྗོད་དེ་སྤེལ་བ་རེད། ཕའེ་ཙི་ཞི་ཆི་དབྱང་གིས་ནན་གྱིས་བསྟན་དོན། ཨ་རི་ཡིས་དབྱི་ལང་ལ་དཔུང་འཇུག་བྱས་རྗེས་ཡང་བསྐྱར་གྲོས་མོལ་བྱེད་འདོད་ཡོད་པ་བསྟན་རུང་། འདི་ནི་ཏག་ཏག་མགོ་སྐོར་གྱི་བྱ་སྤྱོད་ཅིག་རེད་ཟེར།

ཕའེ་ཙི་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལང་གིས་ཉིང་རྡུལ་བྱེད་སྒོའི་ཕྱོགས་ཀྱི་འདོད་བློ་བསྟན་པར་མ་ཟད་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་ཡིན་ཟེར། ཅང་མ་འགོར་བའི་སྔོན་ལ། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། དབྱི་ལང་གིས་ཉིང་རྡུལ་བྱེད་སྒོའི་ཁྱབ་ཁོངས་སུ་གྲོས་མོལ་དང་ཞིབ་བཤེར་བྱེད་པའི་གྲ་སྒྲིག་བྱས་ཡོད་ཟེར།

གཞན། དབྱི་ལང་གི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་བ་ལྟར་ན། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས5ཉིན་མའེ་འར་ཙུའོ་དབྱང་དང་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་ལང་གིས་དབྱི་ལང་རྒྱལ་ཁབ་ཀྱི་ཁེ་ཕན་དང་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཡང་།  ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པར་ཐེ་ཚོམ་སྐྱེ་མ་མྱོང་ཟེར། གྲོས་མོལ་སྐབས་སུ། ཨ་ལཱ་ཀི་ཆི་ཡིས་མའེ་འར་ཙུའོ་དབྱང་ལ་ཨེ་ཤ་ཡའི་ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་ཧོ་འར་མུའུ་ཙི་མཚོ་འགག་གནས་བབ་ཀྱི་འཕེལ་རྒྱས་གནས་ཚུལ་གསར་བ་ཁྱབ་བསྒྲགས་བྱས།

ལྷ་མོ་འཚོས་བསྒྱུར།