
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་སྐབས་རྒྱལ་མཚམས་ཉེ་འདབས་ཀྱི་ཧྲུའུ་པཱ་སྡེ་བར་ཡོད་པའི་སྒར་ས་ཞིག་ལ་ཉིན་དེའི་སྔ་དྲོར་མེ་མདའི་འཇབ་རྒོལ་ཐེངས་འགའ་ཐེབས་ཀྱང་། མི་སྣར་ཤི་རྨས་བཟོས་མེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་ཐོག་མར་བྱུང་རྗེས། སྒར་ས་དེར་བཅའ་སྡོད་བྱེད་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་ཉེན་གཡོལ་བྱེད་སར་སྦས་སྐོང་བྱས་པ་དང་། མདེལ་མང་བོ་སྒར་སའི་ཕྱི་གྱང་གིས་བཀག་ཡོད་ལ། མདེལ་སྐོར་ཞིག་རྟེན་གཞིའི་ནང་གི་སྡོད་ཁང་དང་རླངས་འཁོར་སོགས་ལ་ཕོག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་སྒར་སར་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེ་དང་ལེན་བྱེད་ཐབས་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་གང་ཡིན་ཡང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལ་འགལ་ཡོད་པར་མ་ཟད་འཐབ་འཁྲུག་གི་ནག་ཉེས་གྲུབ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།