
ཕཱ་ལེ་སི་ཐན་གྱི་སློབ་གསོ་དང་མཐོ་རིམ་སློབ་གསོའི་པུའུ་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། 2023ལོའི་ཟླ10བའི་ཚེས7ཉིན་ནས་བཟུང་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་ནས་ལོ་ངོ3འགོར་བའི་རིང་ལ། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་སློབ་མ་ཁྲི་གཉིས་ལྷག་དང་དགེ་བཟོ་བ་སྟོང་ཕྲག་ལྷག་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བསྟན་དོན། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་ནས་སློབ་མ་ཁྲི་གཉིས་དང་ལྔ་བརྒྱ་དོན་ལྔ་དང་། དགེ་བཟོ་བ་སྟོང་གཅིག་དང་ང་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཀྱང་སློབ་མ173དང་དགེ་བཟོ་བ7རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཅཱ་ཧྲ་ས་ཁུལ་དུ་གཞུང་བཙུགས་སློབ་གྲྭ179གཏོར་བཤིག་ཚབས་ཆེན་ཐེབས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་སློབ་གྲྭ105ལ་འགས་གཏོར་ཁྲོད་གཏོར་བརླག་ཐེབས་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས7ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ལོ་ངོ་གསུམ་རིང་། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་བདུན་དང་སྟོང་བཞི་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་དང་ཁྲི་བདུན་སྟོང་ལྔ་ལ་རྨས་ཕོག 2025ལོའི་ཟླ10བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་བའི་ཚུན་ལ། མི1500ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི5000ལྷག་ལ་རྨས་ཕོག
བསོད་ནམས་ཚེ་རིང་གིས་བསྒྱུར།