མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨིག་ཨར་ནེ་ནོའུ་སྣང་ཚུལ་དེ་ཟླ12བར་ཡང་རྩེར་སོན་སྲིད་པའི་ཉེན་བརྡ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་ཚེས8ཉིན་ཉེན་བརྡ་བཏང་སྟེ། མ་འོངས་པའི་ཟླ་ངོ་འགའི་ནང་། ཨིག་ཨར་ནེ་ནོའུ་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་བ་དང་། ཟླ12བར་ཡང་རྩེར་སོན་སྲིད་ལ། 1950ལོའི་ཚུན་གྱི་ཆེས་དྲག་པའི་ཨིག་ཨར་ནེ་ནོའུ་སྣང་ཚུལ་ཞིག་ཏུ་འགྱུར་ཡང་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཟླ་རེའི་གོ་ལ་ཧྲིལ་བོའི་དུས་ཚིགས་རང་བཞིན་གྱི་ནམ་ཟླའི་གནས་ཚུལ་གསར་བའི་ནང་བཤད་རྒྱུར། ཨིག་ཨར་ནེ་ནོའུ་སྣང་ཚུལ་སྔར་ལས་ཇེ་དྲག་ཏུ་འགྲོ་སྲིད་པ་དང་། ཚོད་དཔག་བྱས་ན་ཟླ12བར་ཡང་རྩེར་སོན་སྲིད། དེ་ལས་གོ་ལ་ཧྲིལ་བོའི་ས་ཁུལ་མང་ཆེ་བའི་དྲོད་ཚད་ནམ་རྒྱུན་ལས་མཐོ་བ་དང་། ཆར་བ་འབབ་པའི་རྣམ་པར་འགྱུར་ལྡོག་བྱུང་སྟེ། ས་ཁུལ་མི་འདྲ་བར་ཐན་པ་དང་ཆུ་ལོག་གི་གནོད་པ་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཟེར།

ཨིག་ཨར་ནེ་ནོའུ་སྣང་ཚུལ་ནི་ཐིག་དམར་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་ཤར་ཕྱོགས་དང་དབུས་ཕྱོགས་མཚོ་ཁོངས་ཀྱི་མཚོ་ཆུའི་དྲོད་ཚད་ཇེ་མཐོར་སོང་ནས། རླུང་ཁམས་ཆེན་མོའི་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་པའི་ནམ་ཟླའི་སྣང་ཚུལ་ཞིག་ཡིན་པ་དང་། སྣང་ཚུལ་དེ་སྤྱིར་བཏང་དུ་ལོ་གཉིས་ནས་ལོ་བདུན་ནང་ཐེངས་རེ་འབྱུང་བ་ཡིན་ལ། ཐེངས་རེར་ཟླ་ངོ་དགུ་ནས་བཅུ་གཉིས་འགོར་སྲིད།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་བསྟན་དོན། ད་ལོའི་ཟླ10ནས་ཟླ12བའི་བར། ཚ་ཁུལ་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་ཤར་མཚོ་ངོས་ཀྱི་དྲོད་ཚད་ཆེས་མཐོའི་ཟིན་ཐོ་ལས་བརྒལ་སྲིད་ཟེར།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཧྲའོ་ལོ་ཡིས་བཤད་རྒྱུར། ཐེངས་འདིའི་ཨིག་ཨར་ནེ་ནོའུ་སྣང་ཚུལ་དེ2027ལོའི་ཟླ2པའི་བར་རྒྱུན་བསྲིངས་སྲིད་པ་དང་། 1950ལོའི་ཚུན་གྱི་ཆེས་དྲག་པའི་ཨིག་ཨར་ནེ་ནོའུ་སྣང་ཚུལ་ཞིག་ཏུ་འགྱུར་ཡང་སྲིད་ཟེར།

ཧྲའོ་ལོ་ཡིས་འགྲེལ་བཤད་བྱས་དོན། ཨིག་ཨར་ནེ་ནོའུ་སྣང་ཚུལ་ལས་སའི་གོ་ལར་ཚ་ནུས་གསར་བ་འབྱུང་མི་སྲིད་པ་དང་། རྒྱ་མཚོའི་ཁྲོད་གསོག་ཉར་བྱས་པའི་ཚ་ནུས་ཕྱིར་གཏོང་བ་ཙམ་ཡིན། དེ་ལས་ཚ་ནུས་བསྡུ་ལེན་བྱས་པའི་རྒྱ་མཚོ་དེ་ནི་ང་ཚོར་ཟིན་ཐོ་ཡོད་པའི་ཚུན་གྱི་དྲོད་ཚད་ཆེས་མཐོ་བའི་རྒྱ་མཚོར་འགྱུར་སྲིད་ལ། ཕྱིར་གཏོང་བའི་ཚ་ནུས་ལྷག་ཏུ་མང་བ་ཡིན་ཟེར།

ཚད་འཇལ་ལས་མངོན་པ་ལྟར་ན། ཐིག་དམར་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་ཤར་ཕྱོགས་མཚོ་ངོས་ཀྱི་དྲོད་ཚད་ཟླ་དྲུག་པར་དྲོད་གྲངས1.6འཕར་བ་ནས་ཟླ་བརྒྱད་པར་དྲོད་གྲངས2.5འཕར་ཡོད། ཚོད་དཔག་བྱས་ན་ཟླ་བཅུ་བ་ནས་བཅུ་གཉིས་པའི་བར་དྲོད་གྲངས་ཇེ་མཐོར་སོང་བའི་ཚད་ཀྱིས་ཟིན་ཐོ་གསར་བ་བསྐྲུན་ནས་དྲོད་གྲངས3.7ཡས་མས་སུ་བསླེབས་སྲིད།

ཐེངས་འདིའི་ཨིག་ཨར་ནེ་ནོའུ་སྣང་ཚུལ་ལས་ས་ཁུལ་སྐོར་ཞིག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཅིང་། མེ་གླིང་དབུས་མ་ནི་ས་ཁུལ་དེའི་གྲས་སུ་ཡོད་ལ། ཐན་སྐམ་ལས་ས་དེའི་སྲོག་ཆགས་དང་ཞིང་ལས་ལོ་ཏོག་མང་བོར་གནོད་པ་ཐེབས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།

​