ཀྲུང་གོ་དང་ཡོ་རོབ་གླིང་གིས་དཔལ་འབྱོར་ཉོ་ཚོང་གི་གྲོས་གཞི་གལ་ཆེན་ཐད་ནས་འདྲ་མཉམ་དང་ཆེད་ལས་ཀྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ10བའི་ཚེས8ཉིན་ནས་ཚེས9ཉིན་བར། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་པེ་ཅིང་ནས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་དཔལ་འབྱོར་བདེ་འཇགས་ཀྱི་ཨུ་ཡོན་ཞེ་ཧྥུའུ་ཆའོ་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དངུལ་གཏོང་གྲོས་མོལ་རྐྱེན་སྲོལ་གྱི་རྒྱུན་ལྡན་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ། ཕྱོགས་གཉིས་ཀྱིས་གཏན་འཇགས་དང་དོ་མཉམ་གྱི་ཀྲུང་གོ་དང་ཡོ་རོབ་གླིང་གི་གནད་འགག་ཉོ་ཚོང་གྲོགས་པོའི་ངེས་གནས་ལ་རྐང་བཙུགས་ཏེ། ཐོག་མའི་གྲོས་ཚོགས་ཀྱི་ཚུན་ལ་རྐྱེན་སྲོལ་དེའི་ཉོ་ཚོང་དང་དངུལ་གཏོང་དོ་མཉམ། ཕྱིར་གཏོང་ཚོད་འཛིན། ཤེས་བྱའི་ཐོན་དབང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་བཅས་ཕྱོགས་བཞིའི་བྱ་བའི་གྲོས་མོལ་གྲུབ་འབྲས་ལ་མཉམ་དུ་ཞིབ་བཤེར་བྱས་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་གི་གྲོས་གཞི་གཙོ་བོའི་ཐད་འདྲ་མཉམ་དང་ཆེད་ལས། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་བསྡུར་བྱས།

ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཚོང་རའི་འཐུས་ཆོག་གནད་དོན་ཐད་ནས་གྲོས་མོལ་བྱེད་པ་དང་། རིམ་བཞིན་སྨན་བཅོས་དཔྱད་ཆས་དང་ཞིང་ཞོར་ཐོན་རྫས། ལྡོག་བསྒྱུར་ཆས་ཀྱི་དངུལ་གསོག་བཀག་རྒྱ་སོགས་ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དེ་དོ་མཉམ་ཡོང་བར་བསྟུད་མར་སྐུལ་འདེད་གཏོང་བར་འཐད་པ་བྱུང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཕྱིར་གཏོང་ཚོད་འཛིན་གྱི་གྲོས་མོལ་རྐྱེན་སྲོལ་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་སྲིད་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཕྱོགས་གཉིས་ཀྱི་སེམས་ཁུར་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ཞིབ་འཇུག་བྱས་ནས་སྟབས་བདེ་ཅན་གྱི་བྱེད་ཐབས་འདོན་པར་འཐད་པ་བྱུང་། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་རྒྱལ་གྱི་ཁ་གསབ་སྲོལ་ཡིག་ཐད་ནས་ལག་རྩལ་གྲོས་མོལ་བྱས་ནས། བསྟུད་མར་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ཐད་ནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། ཕྱོགས་གཉིས་ཀྱིས་ད་རུང་དངུལ་གཏོང་དང་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་ལ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་།

ཝང་ཝུན་ཐའོ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་བཏོན་པའི་དཔལ་འབྱོར་ཉོ་ཚོང་གི་ཚད་བཀག་བྱེད་ཐབས་ལ་སེམས་ཁུར་བྱེད་པའི་ཚུན་བསྟན་པ་དང་། ཀྲུང་གོ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་གནད་དོན་འབྱུང་རྩ་མ་ཡིན་པར་གནད་དོན་ཐག་གཅོད་བྱེད་པའི་གྲོགས་པོ་ཡིན་པ་བསྐྱར་སྒྲོག་བྱས། ཡོ་རོབ་གླིང་དང་ཀྲུང་གོའི་དམིགས་གཏད་གཅིག་མཚུངས་ཡིན་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་འཚམ་པ་དང་ཕན་ཚུན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་འོས་འཚམ་བྱེད་པ་དང་། མཉམ་ལས་ཀྱི་གོ་སྐབས་གསར་བ་འཚོལ་ཞིབ་བྱེད་པ། བར་སྟོང་གསར་བ་རྒྱ་བསྐྱེད་བྱས་ཏེ་རྒྱལ་སྤྱིའི་དཔལ་འབྱོར་འཕར་སྣོན་དང་གོ་ལ་ཧྲིལ་བོའི་ཐོན་སྐྱེད་དང་མཁོ་འདོན་གྱི་བདེ་འཇགས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོ་དང་ཡོ་རོབ་གླིང་གི་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།

ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་བསྟན་དོན། ཀྲུང་གོ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་གྲོགས་པོ་གལ་ཆེན་ཡིན་ཞིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཡོ་རོབ་གླིང་དང་ཀྲུང་གོའི་ཉོ་ཚོང་དངུལ་གཏོང་གྲོས་མོལ་རྐྱེན་སྲོལ་འོག འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་པ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ། མཉམ་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྔར་ལས་དོ་མཉམ་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་བལྟས་ན། རྒྱུན་ལྡན་གྱི་གྲོས་ཚོགས་ཐེངས་གཉིས་པ་ནི་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་མགོ་རྩོམ་ས་གསར་བ་ཡིན་པ་དང་། བྱ་བའི་འཐུས་ཚབ་རུ་ཁག་གིས་རྗེས་མཐུད་ཀྱི་བྱ་བར་སྐུལ་འདེད་གཏོང་བ་དང་འབྲེལ་ཡོད་གྲུབ་འབྲས་དང་ཐུན་མོང་ལྟ་ཚུལ་མྱུར་མོར་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དངུལ་གཏོང་གྲོས་མོལ་རྐྱེན་སྲོལ་གྱི་རྒྱུན་ལྡན་གྲོས་ཚོགས་ཐེངས་གསུམ་པར་གྲ་སྒྲིག་གང་ལེགས་བྱེད་དགོས་པར་འདོད།

བསོད་ནམས་ཚེ་རིང་གིས་བསྒྱུར།

​