
ཨ་ཧྥེ་རི་ཁ་ལྷོ་མའི་དཔོན་རིགས་ཀྱིས་ཚེས8ཉིན2026ལོའི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཚོང་རྟགས་གླེང་སྟེགས་སྟེང་བཤད་རྒྱུར། སྔར་ལས་ལྷག་པའི་སྒོག་ནས་ཀྲུང་གོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་བཞིན་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་དངུལ་གཏོང་རྒྱ་བསྐྱེད་པ་དང་ཀྲུང་གོའི་ཡུལ་སྐོར་བ་སྔར་ལས་མང་བོ་ཨ་ཧྥེ་རི་ཁ་ལྷོ་མར་ཡུལ་སྐོར་ལ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་བཞུགས་ཤག་གི་པུའུ་ཀྲང་གཞོན་པ་མའོ་ལོ་ལུང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་གོ་ལ་ཧྲིལ་བོའི་དངུལ་གཏོང་མཁན་ལ་ངེས་གཏན་རང་བཞིན་ལྡན་ཞིང་ཡིད་རྟོན་ཡོད་པའི་སྲིད་ཇུས་ཁོར་ཡུག་ཅིག་བསྐྲུན་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པར་བརྩོན་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོའི་མཉམ་ལས་གྲོགས་པོ་དག་དང་མཉམ་དུ་དངུལ་གཏོང་དང་ཉོ་ཚོང་། ཡུལ་སྐོར། མི་ཚུལ་སོགས་ཁྱབ་ཁོངས་སུ་བསྟུད་མར་དངོས་གཉེར་མཉམ་ལས་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་ཟེར།
གླེང་སྟེགས་ཀྱི་གཙོ་སྒྲུབ་མཁན་ཨ་ཧྥེ་རི་ཁ་ལྷོ་མའི་ཚོང་རྟགས་ཞེས་པའི་རྩ་འཛུགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་མཱ་ཆི་ཡིས་མའོ་ལོ་ལུང་གི་བསམ་ཚུལ་དེར་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མ་ནི་ཨ་ཧྥེ་རི་ཁ་གླིང་དུ་བགྲོད་སའི་རང་བྱུང་གི་སྒོ་ཆེན་ལྟ་བུ་ཡིན་པས། ཀྲུང་གོའི་ཁེ་ལས་དག་གནས་འདིར་ཡོང་ནས་ས་ཁོངས་ཀྱི་སྤྱི་ཁྱབ་པུའུ་འཛུགས་པ་དང་ཨ་ཧྥེ་རི་ཁ་གླིང་སྐམ་སའི་ཚོང་ར་སྔར་ལས་རྒྱ་བསྐྱེད་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུ་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ཉིན་རེ་བཞིན་ལེགས་བསྒྱུར་བྱེད་པའི་ཚོང་གཉེར་ཁོར་ཡུག་དབང་གིས་ཀྲུང་གོའི་ཁེ་ལས་མང་བོ་ཨ་ཧྥེ་རི་ཁ་ལྷོ་མར་གཞི་ཆགས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཡིད་ཆེས་བརྟན་པོ་བཙུགས་ཡོད་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་ཚོང་རྟགས་་ཞེས་པའི་རྩ་འཛུགས་ནི་ཨ་ཧྥེ་རི་ཁ་ལྷོ་མའི་དཔོན་ཕྱོགས་ཀྱི་རྒྱལ་ཁབ་སྣང་བརྙན་ཁྱབ་གདལ་གཏོང་བའི་ལས་ཁུངས་ཤིག་ཡིན་པ་དང་། ཐེངས་འདིའི་གླེང་སྟེགས་སྤེལ་བའི་དམིགས་ཡུལ་ནི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། མང་ཚོགས་ཀྱི་སྟོབས་ཤུགས་བཅས་གཅིག་ཏུ་བསྡུས་ནས། ཨ་ཧྥེ་རི་ཁ་ལྷོ་མའི་གོ་ལ་ཧྲིལ་བོའི་སྣང་བརྙན་ལ་མཉམ་དུ་སྲུང་སྐྱོབ་དང་མཐོར་འདེགས་གཏོང་ཆེད་རེད། རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གཏན་འཇགས་ངང་སྐུལ་འདེད་བཏང་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་ལྷད་མེད་ལག་རྩལ། གཏེར་ལས། རླངས་འཁོར་བཟོ་སྐྲུན་སོགས་གནད་འགག་ཁྱབ་ཁོངས་སུ་གྲུབ་འབྲས་བཟང་བོ་བླངས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།