
སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མགྲིན་ཚབ་པ་ཐུའུ་ཨར་ཅི·མ་ལི་ཅི་ཡིས་ཚེས11ཉིན་གྱི་ཐོ་རེངས་སྐབས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། ཚེས10ཉིན་ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ་གནས་པའི་རྒྱལ་པོ་ཧ་ལིས་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་ཐོག་ཁང་ཞིག་ལ་འཇབ་རྒོལ་བྱས་པས་འགྲུལ་པ་དང་གནམ་གྲུ་ཐང་གི་ལས་དོན་མི་སྣར་ཤི་རྨས་བཟོས་ཡོད་ཟེར།
མ་ལི་ཅི་ཡིས་གསལ་བསྒྲགས་ལས་བཤད་རྒྱུར། ད་ཐེངས་ཀྱི་འཇབ་རྒོལ་དེར“འཇིགས་སྐུལ་འཇབ་རྒོལ”ཞེས་ཟེར་བ་དང་། འཇབ་རྒོལ་དེས“དམག་འཁྲུག་གི་ནག་ཉེས་བཟོས”ཡོད་པར་བརྟེན། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ད་ཐེངས་ཀྱི་འཇབ་རྒོལ་ལ་རྒོལ་ལན་མཐའ་གཅིག་ཏུ་སྤྲོད་རྒྱུ་ཡིན་ཟེར།
སོ་ཏི་ཨ་རབ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱིས་ཚེས11ཉིན་གྱི་ཐོ་རེངས་སྐབས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གནམ་གྲུ་ཐང་དེར་དམིགས་པའི་འཇབ་རྒོལ་ཁྲོད་མི12རྐྱེན་ལམ་དུ་ཤོར་བ་དང་མི309ལ་རྨས་སྐྱོན་ཕོག་ཡོད། འདས་པོའི་གྲས་སུ་སོ་ཏི་ཨ་རབ་པ4དང་བྷང་ག་ལའི་མི2ཡོད་པ་དང་། དེའི་ལྷག་མའི་མི6ནི་ཨ་མེ་རི་ཁ་དང་ཨེ་ཅིབ། ཅོར་ཏན། སི་རི་ཡ། ཕ་ལེ་སི་ཐན་དང་སུའུ་ཏན་བཅས་ནས་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།