
སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏིའི་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཚེས10ཉིན་འཇབ་རྒོལ་ཐེབས་ཏེ། མི12རྐྱེན་ལམ་དུ་ཤོར་བ་དང་མི309ལ་རྨས་ཕོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་དང་། དམངས་བཀོལ་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་པར་འདོད།
སོ་ཏི་ཨ་རབ་ཀྱི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱིས་ཚེས11ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། འདས་པོའི་གྲས་སུ་སོ་ཏི་ཨ་རབ་ཀྱི་མི4དང་བྷང་ག་ལཱའི་མི2ཡོད་ལ། དེའི་འཕྲོས་ཀྱི་མི6ནི་སོ་སོར་ཨ་མེ་རི་ཁ་དང་ཨེ་ཅིབ། ཅོར་ཏན། སི་རི་ཡཱ། ཕཱ་ལེ་སི་ཐན། སུའུ་ཏན་བཅས་ནས་ཡོང་བ་རེད། རྨས་མ་དག་ལ་ས་དེའི་སྨན་ཁང་མང་བོར་གསོ་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་རེད། འཇབ་རྒོལ་དེ་ལས་བཟོས་པའི་རྒྱུ་ནོར་གྱི་གྱོང་གུད་གནས་ཚུལ་ལ་དཔྱད་འཇོག་བྱེད་བཞིན་པའི་སྒང་ཡིན་ཟེར།
སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་མཱ་ལེ་ཅི་ཡིས་ཚེས11ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཇབ་རྒོལ་ནི་འཇིགས་སྐུལ་འཇབ་རྒོལ་ཅིག་ཡིན་པ་དང་། འཇབ་རྒོལ་དེ་ལས་འཐབ་འཁྲུག་གི་ནག་ཉེས་གྲུབ་ཡོད་ལ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།
ཧུའུ་སེ་དྲག་ཆས་པས་མིག་སྔར་ད་རུང་ཐེངས་འདིའི་འཇབ་རྒོལ་ལ་འགན་ཁུར་རྒྱུ་ཁྱབ་བསྒྲགས་བྱས་མེད། ཡིན་ཡང་ཧུའུ་སེ་དྲག་ཆས་པའི་དམག་དོན་མགྲིན་ཚབ་པས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། མཁའ་འགྲུལ་ཀུང་ཟི་དང་མཁའ་འགྲུལ་ལས་གཉེར་མི་སྣ། འགྲུལ་བ་བཅས་ཀྱིས་སོ་ཏི་ཨ་རབ་ཀྱི་མཁའ་ཁོངས་དང་གནམ་གྲུ་ཐང་བེད་སྤྱོད་བྱེད་མི་རུང་བའི་ཉེན་བརྡ་ཡང་བསྐྱར་བཏང་།
ཧུའུ་སེ་དྲག་ཆས་པས་ཚེས10ཉིན་གྱི་སྔ་དྲོར་བསྟན་དོན། སོ་ཏི་ཨ་རབ་བར་འདྲ་མཉམ་གྱི་བྱེད་ཐབས་སྤྱད་དེ། གནམ་གྲུ་ཐང་དང་གྲུ་ཁ། དེ་མིན་མི་ཆོས་རིང་ལུགས་ཀྱི་བྱེད་ནུས་ལྡན་པའི་སྒྲིག་ཆས་གཞན་པར་དམག་དོན་འཁྲུག་རྩོད་ལས་གནོད་པ་ཐེབས་པར་སྔོན་འགོག་བྱེད་འདོད་ཡོད་ཟེར།
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས10ཉིན་བསྟན་དོན། ཨ་མེ་རི་ཁ་སོ་ཏི་ཨ་རབ་ཀྱི་ཧུའུ་སེ་དྲག་ཆས་པར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ནང་ཞུགས་སྲིད་པ་དང་། མྱུར་མོར་ཆོད་དོན་སྤེལ་ངེས་ཡིན་ཟེར། ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཧུའུ་སེ་དྲག་ཆས་པས་ཉིན་དེར་ལེ་ཡཱ་ཏིའི་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པ་དེ་དང་ལེན་བྱེད་ཐབས་མེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་ཏེ་མི12རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་འགའ་ལ་རྨས་ཕོག་པར་ཧ་ལས་པའི་ཚུལ་བསྟན་པ་དང་རྒོལ་གཏམ་དྲག་པོ་བཏང་། ཁོས་བསྟན་དོན། མང་ཚོགས་དཀྱུས་མ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་པས་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ཟེར།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་བསྟུད་མར་སོ་ཏི་ཨ་རབ་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཡང་དང་བསྐྱར་དུ་དམངས་སྤྱོད་མཁའ་འགྲུལ་སྒྲིག་ཆས་ལ་འཇབ་རྒོལ་བྱས་ནས། འགྲུལ་བ་དང་གནམ་གྲུ་ཐང་གི་ལས་བྱེད་མི་སྣའི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མངོན་གསལ་གྱིས་འགལ་ཡོད་པ་དང་། ཐད་ཀར་དུ་དམངས་བཀོལ་མཁའ་འགྲུལ་གྱི་བདེ་འཇགས་དང་རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་བཅས་ལ་འཇིགས་ཉེན་བཟོས་ཡོད་ཟེར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ཡོང་བ། སྤྱི་དམངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་ཆེད་སྤྱད་པའི་བྱེད་ཐབས་གང་རུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་བསྒྲགས་བྱས།
མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ་ཡིས་ཚེས10ཉིན་ཧུའུ་སེ་དྲག་ཆས་པས་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། དམངས་བཀོལ་སྒྲིག་ཆས་གནམ་གྲུ་ཐང་ལ་ཡང་དང་བསྐྱར་དུ་འཇབ་རྒོལ་བྱས་པ་ལས་ནག་ཉེས་བྱ་སྤྱོད་གྲུབ་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་ལ་མངོན་གསལ་གྱི་འགལ་ཡོད། འཇབ་རྒོལ་དེ་ལས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཧུའུ་སེ་དྲག་ཆས་པའི་བྱ་སྤྱོད་དེ་རིགས་ལ་བཀག་འགོག་བྱེད་དགོས་ཟེར།
དབྱི་སི་རལ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཨེ་ཧཱ་མེད་ཏི་ཡིས་ཚེས10ཉིན་ཧུའུ་སེ་དྲག་ཆས་པས་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། ཁོས་བསྟན་དོན། འཇབ་རྒོལ་དེ་རིགས་ཡང་དང་བསྐྱར་དུ་བྱུང་བ་དང་། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་མངོན་གསལ་གྱིས་འགལ་ཡོད་ལ། གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་དང་མཁའ་འགྲུལ་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་ཟེར།
ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ་ཧུའུ་སེ་དྲག་ཆས་པས་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་འགལ་ཡོད་པ་དང་། སོ་ཏི་ཨ་རབ་ཀྱི་བདག་དབང་ལ་མངོན་སུམ་དུ་གནོད་སྐྱེལ་བ་དང་། དེའི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ཟེར། གསལ་སྒྲོག་ལས་ད་རུང་ཅོར་ཏན་བློ་བརྟན་འགྱུར་མེད་ཀྱིས་སོ་ཏི་ཨ་རབ་དང་མཐུན་སྒྲིལ་མཉམ་གནས་བྱེད་རྒྱུ་བསྐྱར་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།