
སོ་ཏི་ཨ་རབ་དང་ཨེ་ཅིབ། ཕཱ་ཁི་སི་ཐན། ཐུར་ཁེ་བཅས་ཀྱིས་ཚེས11ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། རྩ་འཛུགས་དེས་མྱུར་མོར་ཆ་རྐྱེན་ཅི་ཡང་མེ་དཔའི་སྒོ་ནས་འཇབ་རྒོལ་དེ་རིགས་མཚམས་འཇོག་དགོས་པའི་རེ་བ་བཏོན།
སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་སྨྱན་བྱད་ལ་མཉམ་འབྲེལ་གསལ་སྒྲོག་དེ་སྤེལ་ནས། ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ལས་སོ་ཏི་ཨ་རབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་ཡོད་ཅིང་། ཐད་ཀར་དུ་སོ་ཏི་ཨ་རབ་ཀྱི་བདེ་འཇགས་དང་གཏན་འཇགས། མང་ཚོགས་ཀྱི་བདེ་འཇགས་བཅས་ལ་འཇིགས་ཉེན་བཟོས་ཡོད་ལ། བྱ་སྤྱོད་དེ་ལས་ད་རུང་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལའང་འཇིགས་ཉེན་ཐེབས་ཡོད་པས། རྩ་འཛུགས་དེས་དགོས་ངེས་ཀྱི་མཇུག་འབྲས་ལ་འགན་ཡོངས་སུ་ཁུར་དགོས་ཟེར། རྒྱལ་ཁབ་བཞི་ཡིས་ཧུའུ་སེ་དྲག་ཆས་པས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་གནས་སོ་ཏི་ཨ་རབ་ཀྱི་འཇབ་རྒོལ་མཚམས་འཇོག་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་ཁབ་བཞི་ཡིས་སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་སྟེ་ཁྲིམས་མཐུན་བྱེད་ཐབས་ཀྱིས་འཇབ་རྒོལ་དེ་རིགས་ལ་འགོག་རྒོལ་བྱས་ཤིང་། འཇིགས་ཉེན་རྩ་བ་ནས་མེད་པར་གཏོང་བ་དང་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་རེད།
སི་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་དང་སོ་ཏི་ཨ་རབ་ཀྱི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས། ཧུའུ་སེ་དྲག་ཆས་པ་སོགས་ཀྱིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཚེས10ཉིན་ནས་ཚེས11ཉིན་བར། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་གནམ་གྲུ་ཐང་དང་ནུས་ཁུངས་སྒྲིག་ཆས་ལ་ཐེངས་མང་བོར་དམག་དོན་འགུལ་སྐྱོད་སྤེལ། དེའི་ནང་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏིའི་ཧཱ་ལི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཤར་ཕྱོགས་ཞིང་ཆེན་གྱི་ཏཱ་མན་གྲོང་ཁྱེར་ཉེ་འདབས་ཀྱི་ཧྥ་ཧི་ཏི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་གཉིས་ལ་འཇབ་རྒོལ་ཐེངས་གཉིས་ལ་ཐེབས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།