དབྱི་ལང་གིས་སོ་ཏི་ཨ་རབ་དང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས11ཉིན་བསྟན་དོན། དབྱི་ལང་གིས་དགོས་ངེས་ཀྱི་རོགས་འདེགས་གང་རུང་འདོན་སྤྲོད་བྱས་ཏེ། སོ་ཏི་ཨ་རབ་དང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། འཁྲུག་རྩོད་དེ་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་པའི་ཐད་རྨང་འདིང་འདོད་ཡོད་ཟེར།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ལ་ཁ་པར་གཏོང་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས།

ཨ་ལཱ་ཀི་ཆི་ཡིས་སོ་ཏི་ཨ་རབ་དང་ཧུའུ་སེ་དྲག་ཆས་པའི་བར་གྱི་གནས་བབ་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། དམག་དོན་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་སྣང་མེད་དུ་བསྐྱུར་ན། ད་ལྟའི་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་སྲིད་ཟེར།

ཉིན་དེར་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཧྥེ་སཱ་ཨར་དང་ཨ་ལཱ་ཀི་ཆི་གཉིས་ཀྱིས་ཁ་པར་གཏོང་སྐབས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་བཏང་བའི་བྱ་བར་གྲོས་བསྡུར་བྱས།

བསོད་ནམས་ཚེ་རིང་གིས་བསྒྱུར།

​